རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན།

ཟླ་འདིའི་ཚེས་༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ། སྲིད་སྐྱོང་བློ་བཟང་སེང་གེ་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ལྷན་འཛོམས་ཐོག རྒྱ་གར་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་ཐེངས་༦༧ པ་སྲུང་བརྩི་བྱས་སོང།

1263299སྲིད་སྐྱོང་བློ་བཟང་སེང་གེས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་བ་དང་། “རྒྱ་གར་གཞུང་དང་མི་མང་ལས་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་ཆེ་བ་ཡོད་མ་རེད། དེ་རིང་གོ་སྐབས་འདི་བཟུང་ནས་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཧྥ་རན་སིའི་སྲིད་འཛིན་ཧོ་ལེན་ཊེ་མཆོག དེ་རིང་རྒྱ་གར་གྱི་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་འདུག་པས། བོད་མི་ཡོངས་ནས་མཚམས་འདྲི་ཡོད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང།

དེ་བཞིན་ཁོང་གིས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་༦༧ འགྲོ་ཡི་ཡོད་པ་དེ་ལས། རྒྱ་གར་གྱི་འཐབ་རྩོད་དེ་གཙོ་བོ་འཚེ་མེད་ཞི་བའི་ལམ་ནས་བརྩད་ནས་གྲུབ་འབྲས་ཐོན་ཡོད་པས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཀྱང་༧གོང་ས་མཆོག་གི་བཀའ་དགོངས་ལྟར། འཚེ་མེད་ཞི་བའི་ལམ་ནས་རྩ་དོན་རྩོད་བཞིན་ཡོད་པ་དེ། ལམ་ལྷོངས་ཡོངས་རྒྱུ་ཡིན་སྐོར་དང། “རྒྱ་གར་ནི་བོད་དོན་འཐབ་རྩོད་ཁྲོད་མིག་དཔེ་ལྟ་ཡུལ་ཞིག་རེད་”ཅེས་གསུངས་སོང།

ཕྱི་ལོ་༡༩༥༠ ཟླ་༡ ཚེས་༢༦ ཉིན་ནི་རྒྱ་གར་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་བྱས་པ་དང། དེ་བཞིན་ཕྱི་ལོ་༡༩༣༠ ཟླ་༡ ཚེས་༢༦ ཉིན་རྒྱ་གར་རྒྱལ་ཡོངས་ཀོང་རི་སི་ཚོགས་པས། རྒྱ་གར་རང་བཙན་གཙང་མར་འཐབ་རྩོད་བྱེད་རྒྱུ་ཐག་གཅོད་བྱས་པའི་ཉིན་མོ་ཡང་ཡིན་པས། དུས་ཆེན་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཉིན་དེར་རྒྱལ་ས་ལྡི་ལི་རུ་རྒྱ་གར་མངའ་སྡེ་ཡོངས་ཀྱི་རིག་གཞུང་མཚོན་པའི་འཁྲབ་སྟོན་དང་སྦྲགས་རུ་སྒྲིག་དང་། རྒྱ་གར་གྱི་དམག་ཤུགས་མཚོན་ཆེད་དམག་གི་སྡེ་ཚན་ཚོས་རུ་སྒྲིག་གིས་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་གར་ནང་ལས་རིགས་འདྲ་མིན་དང་སྤྱི་ཚོགས་ཞབས་ཞུ་གཟེངས་སུ་ཐོན་མཁན་སོགས་ལ་གཟེངས་རྟགས་སྤྲད་ཀྱི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།