གསང་བའི་ཡིག་ཆས་རྒྱ་ནག་གིས་ནད་ཡམས་སྐོར་ལ་སྐྱག་རྫུན་བཤད་པ་ར་སྤྲོད་བྱས་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(ཡོངས་གྲགས་སུ་ Covid-19 འབོད།)ཐོག་མར་ན་ནིང་ཕྱི་ཟླ་༡༢ ཡས་མས་སུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan) ནས་ཁྱབ་འགོ་ཚུགས་ཤིང་། དུས་དེ་ནས་བཟུང་ད་ལྟའི་བར་དུ་འཛམ་གླིང་ཁྱོན་ལ་ནད་ཡམས་དེ་འགོས་པའི་ནད་པ་ས་ཡ་༦༣.༢ ལྷག་དང་། དེའི་རྐྱེན་གྱིས་ཤི་བ་ས་ཡ་༡.༤༧ ལས་མང་བ་བྱུང་ནས་གོ་ལ་ཡོངས་ལ་བསམ་བརྗོད་ལས་འདས་པའི་དཀའ་ཉེན་བྱུང་དང་འབྱུང་བཞིན་ཡོད།
འདས་པའི་ལོ་ཟླ་བ་བཅུ་གཉིས་ཙམ་གྱི་ནད་ཡམས་ཀྱི་དུས་ཡུན་ནང་། རྒྱ་ནག་གིས་ཆེད་དུ་ནད་ཡམས་གསར་པ་དེ་དང་འབྲེལ་བའི་གནས་ཚུལ་རྣམས་སྦས་སྐུང་བྱས་པའམ། ནད་ཡམས་ཀྱི་དཔང་རྟགས་རྩ་མེད་བཟོས་པ་ར་སྤྲོད་བྱེད་པའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་ཡོད་ན་ཡང་། རྒྱ་ནག་གིས་ད་དུང་ཡང་ཅི་སྙམ་པའི་ངང་འཛམ་གླིང་མི་མང་ལ་ནད་ཡམས་དང་འབྲེལ་བའི་གནས་ཚུལ་རྣམས་རྟག་ཏུ་“དུས་ཐོག་དང་ཕྱི་གསལ་ནང་གསལ་ངང་ནས་”ཕྱིར་བསྒྲགས་བྱས་པ་ཡིན་ཚུལ་བཤད་ཀྱི་ཡོད།
ཡིན་ན་ཡང་། ཕྱི་ཟླ་༡༢ ཚེས་༡ ཉིན་ཨ་རིའི་གསར་ཁང་སི་ཨན་ཨན་(CNN) ནས་རྒྱ་ནག་གི་གཞུང་འབྲེལ་གསང་བའི་ཡིག་ཆ་ཤོག་ལྷེ་༡༡༧ ཅན་ཞིག་ལག་སོན་བྱུང་བ་འདོན་སྤེལ་བྱས་འདུག་ཅིང་། ཡིག་ཆ་དེའི་ནང་ཧོ་བྷེ་ཞིང་ཆེན་(Hubie province) གྱི་ས་གནས་འཕྲོད་བསྟེན་འགོ་ཁྲིད་ཚོས་འདི་ལོའི་ཕྱི་ཟླ་༢ པའི་ཚེས་༡༠ ཉིན་ནད་པ་གསར་པ་༥༩༡༨ བྱུང་ཚུལ་བཀོད་ཡོད་འདུག་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཉིན་དེར་འཛམ་གླིང་ལ་བརྗོད་པའི་གྲངས་ཀ་ལས་ལྡབ་གཅིག་གིས་མང་བ་ཡིན་འདུག་པས། རྒྱ་ནག་གཞུང་གིས་འཛམ་གླིང་ལ་སྐྱག་རྫུན་བཤད་པའི་དཔང་རྟགས་གསར་པ་ཞིག་ཆགས་ཡོད་འདུག
སི་ཨན་ཨན་གསར་ཁང་གིས་ལག་སོན་བྱུང་བའི་ཡིག་ཆ་དེར་ཆེད་ལས་མི་སྣ་དྲུག་ལ་བརྟག་དཔྱད་བྱེད་དུ་བཅུག་སྟེ་དེ་ནི་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་དངོས་ཡིན་པའི་ར་འཕྲོད་བྱུུང་འདུག་པ་དང་། ཡིག་ཆ་དེའི་ནང་ ༢༠༡༩ ལོའི་ཕྱི་ཟླ་༡༠ ནས་༢༠༢༠ ལོའི་ཕྱི་ཟླ་༤ པའི་བར་དུ་ཧོའུ་བྷེ་ཞིང་ཆེན་དུ་ནད་ཡམས་ཇི་ལྟར་སྟངས་འཛིན་བྱེད་ཐབས་བྱས་པའི་གནས་ཚུལ་འཁོད་ཡོད་འདུག གལ་གནད་ཀྱི་དུས་ཡུན་དེའི་ནང་ནད་འབུ་གསར་པ་དེ་རྒྱ་ནག་ནས་འཛམ་གླིང་ཡོངས་སུ་ཁྱབ་གདལ་ཕྱིན་ནས་ཡོངས་ཁྱབ་ཀྱི་ནད་ཡམས་(Pandemic)སུ་གྱུར་ཡོད།
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་གང་ཡིན་ཐད་ལ། ཝུའུ་ཧན་གྲོང་ཁྱེར་གྱི་གཅན་གཟན་ཁྲོམ་ར་ནས་མི་ལ་ཁྱབ་པ་དང་། ཕ་བང་གི་ནད་འབུ་མི་ལ་འགོས་པ། ཝུའུ་ཧན་གྲོང་ཁྱེར་གྱི་ནད་འབུ་བརྟག་དཔྱད་ཁང་ནས་ཕྱི་ལ་ཤོར་བ། དེ་བཞིན་རྒྱ་ནག་གིས་ཆེད་དུ་འཛམ་གླིང་གི་དཔལ་འབྱོར་ལ་བརྡབ་གསིག་བསླངས་ནས་སོ་སོ་སྔོན་དུ་འགྲོ་བའི་གོ་སྐབས་བསྐྲུན་པའི་སླད་གོ་རིམ་དང་འཆར་གཞི་ལྡན་པའི་ཐོག་ནས་ནད་འབུ་ཁྱབ་ཏུ་བཅུག་པ་ལ་སོགས་པའི་འདོད་ཚུལ་སྣ་ཚོགས་ཤིག་ཡོད་རུང་། ད་བར་དུ་ནད་ཡམས་ཀྱི་འབྱུང་ཁུངས་དངོས་གང་ཡིན་པའི་དཔང་རྟགས་གསལ་པོ་ཞིག་སྟོན་ཐུབ་མཁན་བྱུང་མེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།