གསང་མྱུལ་གྱི་ཉེས་འཛུགས་ཕྱིར་འཐེན་བྱེད་དོན་ལ་རྟོག་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག 

ཉེ་ཆར་ཨ་རི་ནིའུ་ཡོག་གཞུང་གི་ཁྲིམས་རྩོད་པས། དེ་སྔོན་བོད་མི་ཐོག་གསང་མྱུལ་གྱི་ལས་དོན་སྤེལ་ཡོད་པའི་དོགས་གཞི་འོག་འཛིན་བཟུང་བྱས་པའི་བོད་མི་པད་མ་རྡོ་རྗེ་ངག་དབང་ཐོག་གི་ཉེས་འཛུགས་རྣམས་གློ་བུར་ཕྱིར་འཐེན་བྱས་པ་དང་འབྲེལ་ནས། ནིའུ་ཡོག་ས་གནས་གཞོན་ནུ་ལྷན་ཚོགས་ནས་དེའི་ཐོག་རྟོག་ཞིབ་ནན་པོ་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཉེས་འཛུགས་ཕྱིར་འཐེན་བྱས་པ་དེས་རྒྱ་ནག་གཞུང་ནས་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་སོ་མྱུལ་གྱི་ལས་དོན་སྤེལ་གྱི་མེད་པ་ཞིག་མཚོན་ཐུབ་ཀྱི་མེད་སྐོར་གསུངས་འདུག

དེ་ཡང་ནིའུ་ཡོག་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་ཁུལ་དེའི་གྲོས་ཚོགས་འཐུས་མི་(Chuck Schumer)ལ་ཡི་གེ་ཞིག་ཕུལ་བའི་ནང་འཁོད་དོན། དེ་སྔོན་ནིའུ་ཡོག་གི་ཉེན་རྟོག་པ་ཡིན་པ་(Baimadaijie Angwang)་ཟེར་བས་ནིའུ་ཡོག་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་མི་སྣ་དང་མཉམ་འབྲེལ་གྱིས་བོད་མི་ཚོའི་ཐོག་གསང་མྱུལ་ལྟ་ཞིབ་བྱས་པའི་ཉེས་འཛུགས་འོག་ཁོང་འཛིན་བཟུང་བྱས་ཡོད་ཀྱང་། ཉེས་འཛུགས་དེ་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། འདས་པའི་དུས་སུ་རྒྱ་ནག་གཞུང་གིས་ཨ་རིའི་ནང་ལ་ཁྲིམས་འགལ་གྱིས་རྒྱ་ནག་གི་གསང་དོན་ལས་ཁུངས་ལ་ལས་ཀ་བྱེད་མཁན་གྱི་མི་སྣ་ཁག་ཅིག་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྔ་ཕྱི་ཐོན་ཡོད་པ་ལྟར། ང་ཚོས་གནས་ཚུལ་འདི་དག་ཚབས་ཆེན་དང་འཇིགས་སྣང་ཅན་ཞིག་ཡིན་པ་ཚོར་གྱི་ཡོད། ང་ཚོ་རྒྱ་ནག་དམར་བོའི་སྲིད་གཞུང་གི་འོག་ནས་བྲོས་བྱོལ་གྱིས་ཨ་རིའི་རྒྱལ་ཁབ་འདི་བདམས་ནས། འགྲོ་བ་མིའི་ཐོབ་ཐང་མཚོན་པའི་རང་དབང་ཆེ་བའི་རང་གི་ཁྱིམ་ཚང་གཉིས་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། གོང་ཞུས་སོ་མྱུལ་བའི་གནད་དོན་ཐད་འཐུས་མི་མཆོག་གིས་རྟོག་ཞིབ་བྱེད་དགོས་པའི་འགན་འཁུར་ལེན་དགོས་པ་དང་། ང་ཚོའི་ཚོགས་སྡེ་རྣམས་རྒྱ་ནག་གི་སོ་མྱུལ་ལས་ཁུངས་ཀྱི་འོག་ནས་སྐྱོབ་ཐབས་གནང་དགོས་པའི་འབོད་བསྐུལ་ཞུས་འདུག་པ་དང་། དེ་བཞིན་གྲོས་ཚོགས་འཐུས་མི་ཁོང་གིས་འདས་པའི་དུས་སུ་༧གོང་ས་མཆོག་དང་། བོད་མི་རྣམས་ཀྱི་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཡང་ཞུས་གནང་ཡོད་འདུག 

ཉེ་ཆར་ཟླ་༡ པོའི་ཚེས་༡༥ ཉིན་ཨ་རིའི་ནིའུ་ཡོག་གི་གཞུང་གི་ཁྲིམས་རྩོད་པས། ཁྲིམས་དཔོན་གྱི་མདུན་དུ་དེ་སྔོན་ཕྱི་ལོ་༢༠༢༠ ལོར་རྒྱ་ནག་གི་གསང་མྱུལ་གྱི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་བོད་མི་པད་མ་རྡོ་རྗེ་ངག་དབང་དང་འབྲེལ་ནས་ཁ་གསལ་མེད་པའི་ཁྲིམས་ཀྱི་ཡིག་ཆ་ཞིག་ཡར་སྤྲད་ནས། ཁོ་ཚོར་བོད་མི་དེའི་ཐོག་གི་ཉེས་འཛུགས་དང་འབྲེལ་བའི་གནས་ཚུལ་སྣོན་མ་ཁག་ཅིག་ལག་སོན་བྱུང་བ་དང་། དེའི་ནང་གི་དཔང་རྟགས་རྣམས་ལ་ཞིབ་འཇུག་བྱས་རྗེས། ཉེས་འཛུགས་རྣམས་ཕྱིར་འཐེན་དགོས་པའི་རེ་སྐུལ་ཞུ་ཡི་ཡོད་ཅེས་འཁོད་པ་ལས། གནས་ཚུལ་ཞིབ་ཕྲ་གང་ཡང་འཁོད་མེད་པ་རེད་འདུག

དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། བོད་མིའི་ཐོག་སོ་མྱུལ་གྱི་ལས་དོན་གཉེར་མཁན་པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཉེས་འཛུགས་ཕྱིར་འཐེན་བྱས་པའི་གནས་སྟངས་གང་ཡིན་དང་། ཐག་གཅོད་ཀྱི་བརྒྱུད་རིམ་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁག་ཁ་གསལ་བཟོ་དགོས་པ་དང་། པདྨ་དར་རྒྱས་ངག་དབང་དང་འབྲེལ་བའི་ཉེས་འཛུགས་ཕྱིར་འཐེན་བྱས་པ་དེས་ཁོ་དང་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་གི་འགོ་ཁྲིད་དབར་ཡོད་པའི་འབྲེལ་བ་དེ་མེད་པ་ཞིག་ཏུ་བསྒྲུབ་ཐུབ་ཀྱི་མ་རེད། ཁོ་དང་འབྲེལ་བའི་ཉེས་འཛུགས་ཕྱིར་འཐེན་བྱས་པ་དེས་རྒྱ་ནག་གཞུང་ནས་བོད་མི་གནས་ཡུལ་གྱི་ས་གནས་ཁག་ཏུ་སོ་མྱུལ་གྱི་ལས་དོན་སྤེལ་གྱི་མེད་པ་ཞིག་མཚོན་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply