གསར་འགོད་པ་ཞིག་གིས་བོད་ནང་གི་གནས་སྟངས་གསང་བའི་ཐོག་པར་བླངས་པའི་དངོས་བྱུང་གློག་བརྙན་ཞིག་ཕྱིར་བཀྲམས་པས་རྒྱ་གཞུང་གིས་དེ་བསུབ་དགོས་པའི་གནོན་ཤུགས་སྤྲད།

དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རང་དབང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་གིས་ལོ་གཅིག་གི་རིང་། བོད་ནང་གསང་བའི་ངང་བརྙན་པར་ལེན་པ་དང་། རྟོག་ཞིབ་བྱས་ནས་རྒྱ་གཞུང་གི་དྲག་གནོན་དང་། དབང་སྒྱུར་འོག་བོད་མི་ས་ཡ་བདུན་ལྷག་གིས་དཀའ་སྡུག་མྱོང་བཞིན་ཡོད་པ་གློག་བརྙན་བརྒྱུད་ནས་གསལ་སྟོན་གནང་ཡོད་པར་བརྟེན། རྒྱ་གཞུང་གིས་གློག་བརྙན་དེ་མེད་པ་བཟོ་དགོས་པའི་དགོས་འདུན་བཏོན་ཡོད་འདུག

པར། EXPRESS

ཉེ་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། དབྱིན་ཇིའི་རང་དབང་བརྙན་འཕྲིན་ཁང་(ITV) གི་གསར་འགོད་པ་ཞིག་བོད་ལ་ཕྱིན་ནས། ཉེན་རྟོག་པའི་ས་ཚིགས་ལས་གཡོལ་ཏེ་གསང་བའི་ངང་བརྙན་ལེན་པ་དང་། པར་རྒྱག་པ་སོགས་བྱས་ནས་(Battle for Tibet) ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཡོད་འདུག

རྒྱ་གཞུང་གི་དཔོན་རིགས་ཚོས་བོད་ནང་དུ་དཔལ་འབྱོར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡིན་པ། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་ཐོག་གི་གནས་སྟངས་ཡག་ཤོས་སུ་ཆགས་ཡོད་པ་རྗོད་ཀྱི་ཡོད་ཀྱང་། གསར་འགོད་པས་བླངས་པའི་བརྙན་ནང་། བོད་ཕྲུག་ས་ཡ་གཅིག་བཙན་གྱིས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་སྟེ། ཁོང་ཚོར་རྒྱ་སྐད་སློབ་པ་དང་། སློབ་གསོ་སྤྲད་ནས་རྒྱ་ནག་དང་དམར་ཤོག་ཚོགས་པར་བློ་དཀར་བའི་མི་སེར་དུ་སྒྱུར་གྱི་ཡོད་པ་གསལ་སྟོན་བྱས་ཡོད་པ་མ་ཟད།

གློག་བརྙན་དེའི་ནང་དུ་ཨ་མ་ཞིག་གིས་ངའི་ཕྲུ་གུ་ཚོས་བོད་སྐད་ཤོད་ཀྱི་མི་འདུག ཕྲུ་གུ་ཚོས་ང་ཚོའི་སྐད་ཆ་ལ་ཉན་གྱི་མི་འདུག། ང་ཚོས་ཕྲུ་གུ་ཚོ་ལ་བོད་ཡིག་སློབ་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད་པ་མཐོང་རྒྱུ་ཡོད་པ་དང་། སློབ་སྤྱི་དང་དགེ་རྒན་གྱིས་ཕྲུ་གུ་ལ་མནར་གཅོད་དང་ཉེས་རྡུང་གཏོང་བཞིན་པ་སོགས་སེམས་འཚབ་སྐྱེ་དགོས་པའི་གནས་ཚུལ་ཡང་མཐོང་རྒྱུ་ཡོད་འདུག

ལྷ་ས་ལ་རྒྱ་གཞུང་གིས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་ཆེད་སྨི་༥༠༠ རེའི་མཚམས་སུ་ཉེན་རྟོག་པའི་འགག་སྒོ་རེ་ཡོད་པ་དང། གསར་འགོད་པ་ཁོང་གིས་བོད་ནང་གི་མཐོ་རིམ་དཔོན་པོ་ཞིག་ལ་བཅར་འདྲི་བྱས་པའི་ནང་། ཁོང་གིས་ནང་ཆོས་ལ་དམ་དྲག་ཤུགས་ཆེན་བྱེད་པའི་ཆ་ཤས་སུ། གཞུང་ཞབས་པ་ཚོས་རང་གི་ཆོས་ལུགས་ཉམས་ལེན་བྱེད་མི་ཆོག་པ་བཟོས་ཡོད་པ་བཤད་པ་མཐོང་རྒྱུ་ཡོད་འདུག

དེ་བཞིན་དྲྭ་རྒྱའི་བདེ་འཇགས་མཁས་པ་གྷི་རེག་ཝལ་ཊོན་(Greg Walton) གྱིས་ཉིན་རེའི་ལས་དོན་ནང་སྐད་ཡིག་སྲུང་སྐྱོབ་བྱེད་པ་དང་སྔར་སྲོལ་གོམས་གཤིས་རྣམས་མི་རབས་རྗེས་མར་བརྒྱུད་སྤེལ་བྱེད་མཁན་རྣམས་ཀྱང་ཉེས་ཅན་པ་ཞིག་ཏུ་འགྱུར་གྱི་ཡོད་པ་དང་། རྒྱ་གཞུང་གིས་བོད་མི་ཚོ་ལ་དོགས་སོན་བྱེད་རྒྱུ་ནི་བོད་མི་རིགས་དབང་སྒྱུར་དང་། བོད་མི་ཚོ་རྒྱ་མིར་བསྒྱུར་རྒྱུའི་བརྒྱུད་རིམ་གྱི་སྙིང་པོ་གྱུར་ཡོད་པར་བརྗོད་འདུག

བརྙན་ནང་འབུམ་རམས་པ་རྒན་རྒྱལ་ལོ་ཡིས་ཀྱང་། ཁོང་ཉིད་ཕྱི་ལོ་༢༠༡༧ དང་། ༢༠༡༨། ༢༠༡༩ ། ༢༠༢༠ བཅས་ཀྱི་ནང་གཏན་འཇགས་སློབ་གྲྭ་ཁག་བཅོ་ལྔ་ལྷག་གི་ནང་ལྟ་སྐོར་ཕྱིན་ཡོད་པ་དང་། ཁོང་གི་གཅེན་པོའི་ཕྲུ་གུ་གཉིས་ཀྱིས་དེ་སྔར་ཤེས་པའི་བོད་སྐད་ཀྱང་བརྗེད་ནས་ནང་མི་ཚོ་དང་ལྷན་དུ་ཁ་བརྡ་ཡག་པོ་ཞིག་བྱེད་མི་ཐུབ་པའི་འགྱུར་ལྡོག་ཕྱིན་ཡོད་པ་དང་། ཕྲུ་གུ་གཉིས་ཀྱི་སྐད་ཆ་ལ་དབྱེ་ཞིབ་བྱེད་དུས། གཏན་འཇགས་སྔོན་འགྲོའི་སློབ་གྲྭའི་ནང་། དགེ་རྒན་ཚོས་དམར་ཤོག་གི་ལྟ་བ་དང་བསམ་བློ། དེ་བཞིན་རྒྱ་ནག་གི་རིག་གཞུང་གི་བསམ་བློ་དང་ལྟ་བ་བཅས་བོད་ཕྲུག་ཚོའི་བསམ་བློ་རྩ་བ་ནས་བསྒྱུར་བའི་རིམ་པ་གཉིས་ཀྱི་ཐོག་ལ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། དེ་ལྟ་བུའི་སློབ་གྲྭ་དེ་མུ་མཐུད་ལོ་ངོ་བཅོ་ལྔ་ནས་ཉི་ཤུ་ཙམ་ཕྱིན་པ་ཡིན་ན། བོད་ཀྱི་རིག་གནས་ཀྱི་ངོ་བོ་ཅན་གྱི་མི་རིགས་དེ་རྩ་མེད་བཟོས་ཚར་བ་སོགས་བརྗོད་འདུག།།

དབྱིན་ཇིའི་རང་དབང་བརྙན་འཕྲིན་ཁང་གིས་བརྙན་དེ་ཁ་སང་ཐེངས་དང་པོ་བཏོན་ཡོད་པ་དང་། བརྙན་མ་བཏོན་པའི་སྔོན་ནས། དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་བརྙན་ནང་ཕྱོགས་ལྷུང་དང་བདེན་པ་མིན་པའི་གནས་ཚུལ་ཡོད་རབས་བརྗོད་ནས་བརྙན་འདོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་འདུག བརྙན་དེ་བརྙན་འཕྲིན་ཁང་མང་པོས་སྤེལ་ཡང་ད་ལྟའི་ཆར་བརྙན་སྐར་མ་བཞི་ཅན་ཞིག་ལས་བརྙན་ཆ་ཚང་མཐོང་རྒྱུ་མེད་པ་གྱུར་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།