གསར་འགོད་པའི་བཙོན་ར་ཆེ་ཤོས་རྒྱ་ནག་ཡིན་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། འཛམ་གླིང་ནང་གསར་འགོད་པའི་བཙོན་ར་ཆེ་ཤོས་ནི་རྒྱ་ནག་ཡིན་པ་དང་། གསར་འགོད་པ་དང་དྲ་ཐོག་རྩོམ་པ་པོ་རྣམས་ལ་སྡུག་སྦྱོང་བྱེད་པའི་ཐབས་ལམ་མང་དུ་གཏོང་བཞིན་ཡོད་སྐོར་བརྗོད་འདུག
ཟླ་༡༢ པའི་ཚེས་༢༠ ཉིན་ཧོང་ཀོང་གི་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་གསལ། ཟླ་༡༢ པའི་ཚེས་༡༨ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། འདི་ལོའི་གསར་འགོད་རང་དབང་གི་སྙན་ཐོ་བཏོན་ཡོད་པ་དང་། རྒྱ་ནག་ནང་ད་ལྟའི་ཆར་གསར་འགོད་པ་༥༢ བཙོན་འཇུག་འོག་ཏུ་ཡོད་པས། འཛམ་གླིང་ནང་གསར་འགོད་པའི་བཙོན་ར་ཆེ་ཤོས་ཡིན་སྐོར་བརྗོད་འདུག
མཐུན་ཚོགས་དེས་འདས་པོ་ལིའུ་ཞའོ་པོ་དང་ཡེང་ཀྲོང་ཡེན་གཉིས་ཀྱི་མིང་བཏོན་ནས། རྒྱ་ནག་གིས་ད་ལྟའི་ཆར་རང་གི་ཁ་གཏད་རྣམས་སྲོག་ཐོག་གི་ཁྲིམས་ཆད་མི་གཏོང་བར། དེ་དག་བཙོན་འཇུག་བྱས་ཏེ་ཆེད་དུ་མ་ཤི་བར་འཕྲོད་བསྟེན་ཇེ་ཞན་དུ་འགྲོ་འཇུག་གི་ཡོད་སྐོར་བརྗོད་འདུག
སྙན་ཐོའི་ནང་ཕྱི་ལོ་༢༠༡༧ ལོའི་ནང་འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་པ་༦༥ བསད་ཡོད་པ་དང་། ༣༢༦ བཙོན་འཇུག་བྱས་ཡོད་པ། ༥༤ མི་གཏའ་ལ་ཉར་ཡོད་པ་དང་། གསར་འགོད་པའི་བཙོན་ར་ཆེ་ཤོས་ལྔ་ནི། རྒྱ་ནག་དང་ཏུར་ཀི སི་རི་ཡ། ཨི་རན། ཝི་ཏི་ནམ་བཅས་ཡིན་འདུག
གསར་འགོད་རང་དབང་གི་སྙན་ཐོའི་ནང་གི་རྒྱལ་ཁབ་༡༨༠ ཡི་ནང་རང་དབང་ཆེ་ཤོས་ཀྱི་རྒྱལ་ཁབ་ལྔ་ནི། ནོར་ཝེ། སུ་ཝེ་ཌན། ཧྥེན་ལན་ཌེ། ཌན་མག ཧོ་ལན་ཌེ་བཅས་ཡིན་འདུག་པ་དང་། རྒྱ་གར་ཨང་༡༣༦ དང་རྒྱ་ནག་ཨང་༡༧༦། ཨ་རི་ཨང་༤༣། ཧོང་ཀོང་ཨང་༧༣ དང་བྱང་ཀོ་རི་ཡ་མཐའ་མར་བཞག་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།