བྷེལ་རྗམ་དོན་གཅོད་གསར་རྙིང་བརྗེ་ལེན།

ཟླ་འདིའི་ཚེས་ ༢༤ ཉིན་བྷེལ་ཇམ་སྐུ་ཚབ་དོན་གཅོད་གསར་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ལས་ཁུར་ཞུས་པ་དང་། དོན་གཅོད་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་བྱས་ཡོད་པ་རེད།

beljmདེ་ཡང་ཉིན་དེའི་ཉིན་རྒྱབ་བྷེལ་ཇམ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་གྱིས་སྐུ་ཚབ་དོན་གཅོད་དུ་གསར་བསྐོ་བྱུང་བའི་བཀྲ་ཤིས་ཕུན་ཚོགས་ལ་དོན་གཅོད་ཀྱི་ལས་འགན་རྩིས་སྤྲོད་གནང་ཡོད་པ་དང་། སྐབས་དེར་སྤྲོད་དཔང་དུ་སུད་སུ་དོན་གཅོད་དངོས་གྲུབ་རྡོ་རྗེ་ཕེབས་འདུག

བྷེལ་རྗམ་ས་གནས་བོད་རིགས་ཚོགས་པ་དང་། བྷེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་སོགས་ས་གནས་ཀྱི་ཚོགས་པ་ཁག་གི་འཐུས་མི་རྣམས་དོན་གཅོད་ལས་ཁུངས་སུ་འཚམས་འདྲི་ཞུ་བར་བཅར་ཡོད་པ་རེད།

དོན་གཅོད་གསར་རྙིང་བར་རྩིས་ལེན་རྩིས་སྤྲོད་ཀྱི་མཚན་རྟགས་བརྒྱབ་ཟིན་པ་དང་། དོན་གཅོད་གསར་པའི་ལས་ཁུར་ཇ་སྟོན་ཐོག སུད་སུ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེས་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ངོ་སྤྲོད་དང་འབྲེལ། དོན་གཅོད་རྩིས་སྤྲོད་རྩིས་ལེན་དེ་བཞིན་གཞུང་གི་འགྲོ་ལུགས་དང་ཁྲིམས་སྒྲིག་ནང་བཞིན་ལེགས་འགྲུབ་བྱུང་ཡོད་སྐོར་དང་། ས་གནས་མི་མང་དང་ལྷག་པར་ཚོགས་སྡེ་ཁག་གིས་ས་གནས་ཀྱི་དོན་གཅོད་སུ་ཡིན་ངོ་ཤེས་དགོས་པ། ས་གནས་དོན་གཅོད་ཀྱི་ལས་དོན་གང་ཡོད་ལམ་འགྲོ་ཡོང་བར་ས་གནས་མི་མང་གིས་རྒྱབ་སྐྱོར་དང་། མཐུན་འགྱུར་གནང་དགོས་པའི་གསལ་འདེབས་གནང་སོང་།

དེ་བཞིན་དོན་གཅོད་ཟུར་པ་སྐལ་བཟང་རྒྱལ་མཚན་གྱིས་ཀྱང་དོན་གཅོད་གསར་པའི་ལས་དོན་གང་ཡིན་ཡང་ཚད་དང་ལྡན་པ་གནང་མཁན་ཞིག་ཡིན་པ་དང་། དེ་ལ་ས་གནས་ཀྱི་ཚོགས་སྡེ་ཁག་དང་བཅས་པའི་མི་མང་གིས་གཞོགས་འདེགས་དགོས་པའི་རེ་སྐུལ་གནང་སོང་།

མཐར་སྐུ་ཚབ་དོན་གཅོད་གསར་བ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཁོང་ད་ཐེངས་དོན་གཅོད་ཀྱི་ལས་འགན་ཐོག་སླེབས་ཡོད་པ་དང་། ལོ་མང་པོའི་རིང་གཞུང་གི་སྲི་ཞུ་བའི་ལས་ཀ་བྱས་པ་ཡོད་པ་ཙམ་དུ་མ་ཟད། མི་སྒེར་གྱི་བསམ་བློ་གཏོང་ཕྱོགས་ནས་བཤད་ན་ཡང་། རྒྱུན་རིང་པོའི་སྔོན་ནས་བོད་སྤྱི་བའི་ལས་དོན་གྱི་ཐོག་དུས་ཚོད་བཏང་བ་དེ་གཞུང་གི་སྲུ་ཞུ་བའི་ལས་དོན་ཙམ་མིན་པར་མི་སྒེར་ཀྱི་དམ་བཅའ་ཡང་ཡིན་པས། མ་འོངས་ཡང་དམ་བཅའ་དེའི་ཐོག་ནས་བོད་སྤྱི་བའི་ལས་དོན་ཐད་ནུས་པ་གང་ཡོད་པ་དེ་འདོན་རྒྱུ་ཡིན་ལ། ས་གནས་ཀྱི་ཚོགས་པ་ཁག་དང་མི་མང་གི་ངོས་ནས་ཀྱང་དོན་གཅོད་ཀྱི་ལས་དོན་ཐད་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
ས་གནས་གསར་འགོད་པ་ནགས་ཕྲན་པ་བསོད་ནམས་ཚེ་རིང་།