གསུམ་བཅུའི་དུས་དྲན་ཐེངས་ ༦༡ སྲུང་བརྩི། 

 

ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་སྣང་ལ་མ་བལྟོས་པར་གསུམ་བཅུའི་དུས་དྲན་སྔར་རྒྱུན་བཞིན་སྲུང་བརྩི་ཞུས་སོང་།

དེ་རིང་སྟེ་ཟླ་ ༣ ཚེས་ ༡༠ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་ཞི་བའི་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༡ དེ་གཞུང་འབྲེལ་གྱིས་སྲུང་བརྩི་བྱས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Hon. Frantisek Kopriva དང་། དམིགས་བསལ་སྐུ་མགྲོན་ Ms. Dana Balcarova, བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དེ་བཞིན་དྷ་ས་ཁུལ་གྱི་མི་མང་རྣམ་པ་བཅས་ཕེབས་འདུག 

བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་བ་དང་། རྒྱལ་དར་སྒྲེང་འཛུགས། དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མྱ་ངན་ངག་བཅད་བཅས་རྒྱུན་ལྡན་གྱི་བྱེད་སྒོ་ཁག་གྲུབ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ཀྱིས་རེས་མོས་བཞིན་སོ་སོའི་གཞུང་འབྲེལ་གསུང་བཤད་སྒྲོག་སྦྱངས་གནང་བའི་ཐོག མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་གཉིས་ནས་ཀྱང་གསུང་བཤད་གནང་སོང་། 

ཚོགས་གཙོ་པདྨ་འབྱུང་གནས་ཀྱིས་སྒྲོག་སྦྱངས་གནང་བའི་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་ད་བར་མི་ལོ་ ༧༠ ལྷག་འགྲོ་བཞིན་པའི་རིང་བོད་མི་ས་ཡ་བརྒལ་བ་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། དགོན་པ་སྟོང་ཕྲག་མང་པོ་རྩ་གཏོར་གྱིས་མཚོན་བོད་ཀྱི་སྣོད་བཅུད་རྣམས་གཏོར་བཅོམ་འཕྲོག་གསུམ་ཡ་ང་བ་བྱས་པ་མ་ཟད། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་རྒྱུའི་བྱུས་ངན་རྒྱུན་ཆད་མེད་པར་བཤམས་སྟབས། བོད་མི་རྣམས་ནས་གདུག་རྩུབ་ཅན་གྱི་ཐུབ་ཚོད་དེ་དག་བཟོད་ཐབས་རྩ་བྲལ་གྱིས་ཞི་བའི་ངོ་རྒོལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་དགོས་བྱུང་ཡང་། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་བསམ་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། མགོ་སྐོར་བསླུ་བྲིད་ཀྱི་རྫུན་གཏམ་ཁོ་ནས་རྒྱ་མི་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་དངོས་ཡོད་གནས་སྟངས་འགེབས་སྦས་བྱེད་བཞིན་པ་མ་ཟད། བོད་དེ་རྒྱ་ཁོངས་ཡིན་པའི་འཁྱོག་གཏམ་ལན་མང་བཤད་བཞིན་པ་དེ་དག་ནི། ཉེ་ཆར་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནང་ནས་ཏོག་དབྱིབས་ནད་འབུའི་རིམས་ནད་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྐབས་རིམས་ནད་ཕོག་པའི་ནད་པའི་གྲངས་དང་རྐྱེན་འདས་སོང་བའི་གྲངས་འབོར་བཅས་ཀྱི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་མིག་ལམ་ནས་འགེབས་སྦས་བྱེད་པའི་ངན་གོམས་ཤིག་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ལ་རྒྱུན་འཇགས་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་ཚུལ་སོགས་འཁོད་འདུག 

སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དེའི་ནང་ད་དུང་མི་རབས་གསར་པ་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་དོན་སྐོར་ལ། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་གཞུང་གིས་ཧམ་བཟུང་མ་བྱས་ཀྱི་བར་དུ་བོད་དེ་“རང་དབང་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་གཅིག”ཡིན་པ་དང་། དེ་མིན་ད་དུང་རྒྱ་ནག་གཞུང་གིས་ད་བར་འཛམ་གླིང་མི་མང་དང་སོ་སོའི་མི་སེར་ཚུན་ཆད་ལ་མགོ་སྐོར་བཏང་སྟེ་དངོས་ཡོད་གནས་ཚུལ་སྦས་འགེབས་ཀྱིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་རྫུན་གཏམ་བདེན་སྒྲིག་ཐུབ་ཐབས་ཀྱི་གཡོ་སྒྱུའི་འཁྲབ་སྟོན་སྣ་ཚོགས་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྟེང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་ཚོས་རྒྱ་ནག་གཞུང་གི་རྫུན་གཏམ་དང་གཡོ་སྒྱུའི་འཁྲབ་སྟོན་ལ་ཡིད་ཆེས་ནམ་ཡང་བྱེད་ཀྱི་མེད། བོད་ཀྱི་བདེན་པའི་འཐབ་རྩོད་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། གཞིས་བཞུགས་བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་བཅས་གཞི་ལ་བཞག་པའི་ཐོག་ནས་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག དེ་བཞིན་མི་མང་བཅས་ཚང་མས་དོ་ཁུར་ཆེ་བཞེས་ཀྱིས་རང་འཁྲིའི་རྩ་དོན་དང་འབྲེལ་བའི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཅིར་འབད་འབུངས་ཞུས་དང་ཞུ་མུས་ཀྱིས་ད་ལྟའི་བར་དུ་བོད་ཀྱི་འཐབ་རྩོད་དེ་ཉིད་གསོན་པོར་གནས་ཐུབ་ཡོད། རིང་པོར་མ་སོང་བར་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བར་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཀྱི་ཕྱར་གྲུ་མཉམ་འདེགས་ངེས་པར་ཞུ་དགོས་པའི་འབོད་བསྐུལ་ནན་ཏན་ཞུ་བཞིན་ཡོད་པ་བཅས་འདུག 

གཞན་ད་དུང་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་བའི་འགོ་རྩོམ་སྐབས། བོད་ལ་དུས་ཐོག་ཏུ་སྒོ་བརྒྱབ་ནས་འགྲོ་ཡོང་གི་མཚམས་མ་བཅད་པའི་སྐོར་ལ་འཁོད་དོན། “རྒྱ་ནག་གཞུང་གིས་ནད་འབུ་མཆེད་ཡོང་སའི་ཝུ་ཧན་གྲོང་ཁྱེར་ནས་བོད་ནང་འགྲོ་སྐྱོད་ཀྱི་སྒོ་སྔོན་ཚུད་མ་བརྒྱབ་པར་བོད་ནང་གི་བོད་མི་ཚོར་སྲུང་སྐྱོབ་དང་སྨན་བཅོས་གང་ཡང་མེད་པར་ནད་འབུ་འགོས་ཆོག་ཆོག་གི་ཉེན་ཁ་བཟོས་པ་ཙམ་དུ་མ་ཟད། བོད་ཀྱི་ས་ཁུལ་རྟའུ་རྫོང་དུ་འགོས་ནད་དེ་ཉི་མ་ནས་ཉི་མར་ཇེ་མང་ཁྱབ་བརྡལ་དུ་འགྲོ་བཞིན་པར་བློ་ཕམ་ཤིན་ཏུ་ཆེ། བོད་དེ་རྒྱ་ནག་གཞུང་གི་དབང་འོག་ཏུ་ཡོད་སྟབས་བོད་ནང་གི་བོད་མི་ཚོར་འགོས་ནད་དེའི་དཀའ་ངལ་མི་འཕྲད་པ་བྱ་རྒྱུའི་འགན་འཁྲི་དེ་རྒྱ་ནག་གཞུང་ལ་ཡོད་པས་བོད་མི་ཚོ་ལའང་གཅིག་མཚུངས་ཀྱི་རོགས་སྐྱོར་ངེས་ཞུ་དགོས་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་རྒྱ་གཞུང་ལ་བཀོད་འདོམས་ཡོང་བའི་འབོད་བསྐུལ་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་རིམས་ནད་དེ་གང་མགྱོགས་འགོག་ཐབས་དགོས་པའི་བསྐུལ་ལྕག་ཞུ་རྒྱུ་ཡིན།”

དེ་རིང་མཛད་སྒོའི་ཐོག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་ནས་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ནས་བཟུང་“ད་བར་རྒྱ་གཞུང་གིས་བཙན་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ཇི་ཙམ་སྤེལ་ཡང་གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་དང་། ཆོད་སེམས་བརྟན་པོའི་ཐོག་ལོ་རབས་བརྒྱད་ཅུའི་སྨད་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ། ༢༠༠༩ ནས་རང་ལུས་མེར་སྲེག་གཙོ་བོར་གྱུར་པའི་ཞི་བའི་ལས་འགུལ་ཆེ་ཆུང་སྣ་ཚོགས་མུ་མཐུད་སྤེལ་ཏེ། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་མ་ཟད། འདས་གྲོངས་སུ་གྱུར་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན”པའི་ཐོག རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་དུ་ཞི་བའི་ལས་འགུལ་སྤེལ་མཁན་རྣམས་འཛིན་བཟུང་དང་། བཀག་ཉར། མནར་གཅོད་གཏོང་རྒྱུ་སོགས་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད་སྐོར་འཁོད་འདུག 

འདས་མ་ཐག་པའི་ལོ་སྟེ། ཕྱི་ལོ་ ༢༠༡༩ ནང་རྒྱ་ནག་གཞུང་གིས་བོད་དུ་བོད་མིའི་རང་དབང་དང་ཐོབ་ཐང་རྡོག་རོལ་ཇི་ལྟར་གཏོང་བཞིན་པའི་སྐོར་འཁོད་དོན། “ཕྱི་ལོ་ ༢༠༡༩ ལོར་མཚོན་ན། ཟླ་ ༣ ནང་རྒྱ་གཞུང་གི་ཉེན་རྟོག་པས་རང་ལོ་ ༤༥ སོན་པའི་དབང་ཕྱུག་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོགས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཝི་ཅེཌ་སྟེང་སྤེལ་བའི་རྐྱེན་གྱིས་ལྷ་ས་ནས་ཕ་ཡུལ་ལ་ཕྱིར་ལོག་བྱེད་སྐབས་གཞིས་ཀ་རྩེ་ནས་བཀག་ཉར་བྱས་ཡོད་པ་དང་། ཟླ་ ༨ པ་བར་དུ་ཡ་ཆེན་སྒར་གྱི་གྲྭ་བཙུན་ ༧༡༠༠ ཕྱིར་འབུད་བཏང་ཡོད་པ་མ་ཟད། ཡ་ཆེན་སྒར་ཕྱེད་ཀ་གཏོར་བཤིག་བཏང་ཚར་ཡོད།

དེ་བཞིན་ཟླ་ ༩ ཚེས་ ༡༩ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་བསོད་ནམས་དཔལ་ལྡན་ལགས་དགོན་པའི་ནང་ནས་བཙན་ཁྲིད་བྱས་པ་དང་། ཟླ་ ༡༡ ནང་སེར་ཤུལ་རྫ་དབོན་པོའི་ཕྱོགས་སུ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་འདོད་པའི་སྐད་འབོད་བྱས་པ་དང་། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་ཚུལ་སོགས་ལ་བསྙད་དེ་བོད་མི་ཀུན་གསལ་དང་། ཉི་མ། ཡོན་ཏན། ཆོས་རྒྱལ་སོགས་སེར་སྐྱ་ ༣༠ ལྷག་འཛིན་བཟུང་བྱས་ཡོད། གཞན་ཡང་བོད་རིགས་ལས་བྱེད་རྒས་ཡོལ་ཕྱིན་པ་རྣམས་ཆོས་ཕྱོགས་ཀྱི་བྱ་བ་གང་ལ་ཡང་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་བཀག་སྡོམ་བྱེད་བཞིན་ཡོད།”

གཞན་ཡང་གསུང་འཕྲིན་དེའི་ནང་། རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་རང་དབང་ཁང་པའི་ ༢༠༢༠ ལོའི་སྙན་ཐོའི་ནང་བོད་དེ་ལོ་ལྔ་བསྟུད་མར་འཛམ་གླིང་ཁྱོན་ཡོངས་ནས་རང་དབང་གི་ཚད་དམའ་ཤོས་གཉིས་པ་ཡིན་ཚུལ་བཀོད་པའི་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལ་བྷ་ཤེ་ལེཊ་ཧེ་རི་ཡ་མཆོག་ཤིན་ཅང་ལ་ཕེབས་གཏན་འཁེལ་བ་བཞིན། དེའི་སྐབས་སུ་བོད་ལའང་ངེས་པར་དུ་ཕེབས་ནས་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་སོགས་འཁོད་འདུག 

གཞུང་འབྲེལ་མཛད་སྒོ་གྲོལ་མ་ཐག དྷ་སའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གཙུག་ལག་ཁང་ནས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཉེ་འགྲམ་གྱི་རྩེད་ཐང་བར་དུ་ཞི་བའི་གོམ་བགྲོད་གོ་སྒྲིག་བྱས་འདུག་པར། ནད་ཡམས་ཀྱི་འཇིགས་པར་མ་བལྟོས་པར་བོད་མི་མང་པོ་ཞིག་མཉམ་ཞུགས་བྱས་སོང་། 

དེང་སྐབས་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་དེ་ཡུལ་གྲུ་གང་སར་ཁྱབ་སྟེ་མི་ཚོགས་འདུ་འཛོམས་བྱེད་དཀའ་བའི་དུས་ཤིག་ཡིན་རུང་། རྒྱ་ནག་གི་དྲག་པོ་དང་ཁྲིམས་འགལ་གྱི་བཙན་འཛུལ་ལ་བརྟེན་ནས་ས་ཕྱོགས་གང་སར་གྱར་བའི་བོད་མི་ཚོས་རང་རང་སོ་སོའི་ས་གནས་ནས་རྣམ་པ་དང་གཞི་རྒྱ་འདྲ་མིན་གྱི་ཐོག་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་ཉིན་མོ་གལ་ཆེན་འདི་སྲུང་བརྩི་ཞུ་བཞིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།