གཏེར་ཁ་སྔོགས་འདོན་བཀག་འགོག་གི་ངོ་རྒོལ།
བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་མུ་མཐུད་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མཚམས་འཇོག་དགོས་པའིཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་ཉིན་གསུམ་རིང་སྤེལ་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། ཟླ་ ༥ ཚེས་ ༣༡ ཉིན་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་༣༠༠ ལྷག་གིས། རྒྱ་ནག་གི་གཏེར་ཁ་སྔོག་ཡུལ་གཉན་ཆེན་གོང་སྔོན་བླ་རི་དུ། གོང་སྔོན་བླ་རིའི་གཏེར་ཁ་སྔོན་འགོག་ཞེས་འཁོད་པའི་འཕྲེད་དར་འཕྱར་ནས། བོད་ཡུལ་ལ་སྲུང་སྐྱོབ་བྱོས། ཁོར་ཡུག་ལ་སྲུང་སྐྱོབ་བྱོས། བླ་རི་ལ་སྲུང་སྐྱོབ་བྱོས། མི་མང་ལ་འཆམ་མཐུན་དང་བདེ་འཇགས་དགོས། ལྷ་རྒྱལ་ལོ། ཞེས་ཞི་རྒོལ་སྐད་འབོད་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་དམག་མི་ཕོན་ཆེ་ཞིག་གཏེར་ཁ་སྔོག་ཡུལ་དེར་བཏང་ནས་སྐོར་སྲུང་བྱས་ཡོད་འདུག
ཞི་རྒོལ་གྱི་ཉིན་གཉིས་པའི་རིང། ས་ཁུལགྱི་མི་མང་ཚོས་གཏེར་སྔོག་སའི་གཉན་ཆེན་གོང་སྔོན་བླ་རི་ནས་རྒྱ་ནག་ས་གནས་སྲིད་གཞུང་བར་དུ་གོམ་བགྲོད་བྱས་ཡོད་པ་དང་། “གཏེར་ཁ་མཚམས་འཇོག་དགོས། བླ་རི་སྲུང་སྐྱོབས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབས་བྱེད་དགོས། མི་མང་ལ་བདེ་འཇག་དགོས་”ཞེས་སྐད་འབོད་བྱས་ཡོད་འདུག
ཟླ་འདིའི་ཚེས་༣ ཉིན་ཨ་མགོ་སྡེ་བའི་ཚེ་དབང་སྐྱབས་དང། ཉི་མ་ལུང་གི་དོན་གྲུབ། རྟ་མགྲིན་སྐྱབས། ཝ་སྣ་མནའ་བཅད་སོགས་མི་དྲུག་བདུན་ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་ལ། ཨ་མཆོག་གྲོང་བརྡལ་གྱི་ཁྲོམ་སྲང་གཡས་གཡོན་ཉེན་རྟོག་པའི་རླངས་འཁོར་ཧ་ཅང་མང་བོ་བསླེབས་ཡོད་འདུག
གསར་འགོད་པ་སྐལ་བཟང་དོན་གྲུབ།