གསེར་ནག་གི་ཐབ་རྡོ་དང་ཟ་འོག་གི་ཐབ་ཕྱིས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༧༧ ཕྱི་ལོ་ ༢༠༡༧/༡༢ /༡༣  

ལོ་ལྟར་ཕྱི་ཟླ་༡༢ པའི་ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡིན་པ་དང་། ཉིན་མོ་འདི་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ཉིན་མོ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་གཏན་འབེབས་བྱས་པ་ཞིག་རེད། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱང་ཉིན་མོ་འདི་དང་སྟབས་བསྟུན་ནས་འབུལ་བཞིན་ཡོད་པ་དང་། ཕྱི་ལོ་༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་ནས་བཟུང་། བཙན་བྱོལ་བོད་གཞུང་གིས་ཉིན་མོ་འདི་ནི་གཞུང་འབྲེལ་གྱིས་སྲུང་བརྩི་བྱེད་བཞིན་ཡོད། ལོ་འདིར་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་༢༨ འཁོར་ཡོད་ལ། ཉིན་མོ་འདི་ནི་རྒྱལ་སྤྱིའི་སྟེང་ནས་བོད་པ་གསལ་པོ་ངོ་ཤེས་པའི་ཉིན་མོ་ཞིག་དང་། བོད་རིགས་ཡོངས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་སྟེང་ནས་ཆེས་མཐོ་བའི་ཞི་བདེའི་དེད་དཔོན་དུ་མངའ་གསོལ་བའི་གཟི་བརྗིད་ཅན་གྱི་ཉིན་མོ་ཞིག་ཏུའང་གྱུར་ཡོད།

དུས་འདི་ནས་བཟུང་བཙན་བྱོལ་བོད་མི་ཙམ་དུ་མ་ཟད། བོད་མི་རིགས་དང་བོད་དོན་ལ་རྒྱལ་སྤྱིའི་སྟེང་ནས་ཆེ་མཐོང་དང་ངོས་འཛིན་གསར་པ་ཞིག་ཐོབ་ཡོད། རིམ་པས་བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་ཚ་རླབས་ཀྱང་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འཕྱུར་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཡང་སའི་གོ་ལ་ཧྲིལ་པོའི་ཁོར་ཡུག་ཏུ་ཁྱབ་ནས། ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་དུ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡོངས་ཁྱབ་རང་བཞིན་དང་ཆེས་གལ་གནད་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་ཀུན་གྱིས་ཤེས་གསལ་དུ་གྱུར་ཡོད། དེ་ནི་༧གོང་ས་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ལས་བྱུང་བའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཉམས་བཞེས་ཐུགས་དམ་དུ་མཛད་པའི་གཟི་བྱིན་ཁོ་ན་ལ་བརྟེན་ནས་བྱུང་ཡོད་པ་ལས། གཞན་ཁོང་ལ་གོ་མཚོན་དང་། དཔལ་འབྱོར། དམག་དོན་སོགས་ཀྱི་སྟོབས་ཤུགས་གང་ཡང་མེད་པའི་ནང་པའི་དགེ་སློང་ཉམ་ཆུང་ཞིག་ལ་འཛམ་གླིང་གི་ཆེ་རྒུ་ཡོངས་ཀྱིས་གུས་གུས་ཞུམ་ཞུམ་གྱིས་གོང་བཀུར་བྱེད་དགོས་པའི་རྒྱུ་མཚན་གཞན་གང་ཡང་མེད་ཅེས་ཁ་ཚོན་བཅད་ནས་བརྗོད་ཆོག

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྩོད་རྙོག་ཆུང་ཙག་མང་པོ་ཞིག་ཡོད་པ་དང་། ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དུ་ཡོད་པ་མི་མང་གི་འདེམས་བསྐོ་བྱས་པ་དང་། གཞུང་ཞབས་ཀྱི་མཚན་གནས་ཡོད་པའི་གནད་ཡོད་ཀྱི་དབུ་ཁྲིད་རྣམ་པ་དང་། དང་བླངས་རྩོད་རྙོག་གི་སྣེ་ཁྲིད་མཁན་ཡོངས་ཀྱི་ངོས་ནས། ང་དང་ངའི་ཕྱོགས་གཏོགས་རྣམས་༧གོང་ས་མཆོག་གི་རྗེས་འཇུག་པ་རྣལ་མ་ཞིག་དང་། དད་པ་ཆེ་ཞིང་དམ་ཚིག་བརྟན་པ་ཞིག་ཡིན་པ་ལས། ང་དང་ལངས་ཕྱོགས་མི་གཅིག་པ་རྣམས་རྗེས་འཇུག་མིན་པ་དང་། དད་པ་མེད་ལ་དམ་ཚིག་མི་གཙང་བ་ཞིག་ཡིན་པ་རྒྱུ་མཚན་གང་ཡང་མེད་ཀྱང་སྒྲུབ་གང་ཐུབ་བྱེད་རྒྱུར་ཕྱོགས་ཡོངས་ནས་འགྲན་བསྡུར་ཆེན་པོ་ཡོད་ནའང་། དོན་དུ་མི་སྣ་དེ་དག་གིས་༧གོང་ས་མཆོག་གི་དགོངས་གཞི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འགན་ཁུར་ལ་ཤེས་རྟོགས་མེད་པ་དང་། དེའི་ཕྱོགས་ལ་བསམ་བློ་ཙམ་ཡང་མི་གཏོང་བ་མ་ཟད། བཙན་བྱོལ་བོད་མི་རྣམས་ལའང་གཅིག་གྱུར་གྱི་ལྟ་སྟངས་ཤིག་མི་འཛིན་པས། དེ་དག་ནི་ཕྱོགས་གང་ཐད་ནས་༧གོང་ས་མཆོག་གི་རྗེས་འབྲངས་པ་ཡིན་པའི་སྤོབས་པ་བྱེད་འོས་པ་ཞིག་མིན།

ད་ནས་བཟུང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ཁུལ་རྩོད་རྙོག་རྣམས་གང་ཐད་ནས་བཤད་ཀྱང་ཕྱོགས་སོ་སོ་ནས་རང་ཉིད་ཀྱི་ལས་དོན་ལ་གྲུབ་འབྲས་དང་བྱས་རྗེས་ག་རེ་ཡོད་མེད་སྤྱི་ཚོགས་ནང་ནན་བརྗོད་བྱ་རྒྱུ་ཁོ་ན་ལས། རྩོད་རྙོག་ཆ་ཚང་གི་ནང་དུ་༧གོང་ས་མཆོག་གི་མཚན་བེད་སྤྱོད་གཏོང་བ་ནི་འོས་འཚམ་ཞིག་གཏན་ནས་མིན་པ་མ་ཟད། དགའ་ལྡན་ཕོ་བྲང་གི་སྣེ་མོ་བ་དག་གིས་ཀྱང་རང་ཉིད་ཀྱི་ལངས་ཕྱོགས་གཅིག་པ་དག་ལ་རྩོད་རྙོག་གི་ཁེ་ཕན་ཐོབ་ཆེད་མཇལ་ཁ་གཏོང་ཕྱོགས་སོགས་ལ་ཐག་གཅོད་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་ལྟ་བུའི་མཐོང་ཚུལ་སྤྱི་ཚོགས་ནང་མང་པོ་ཡོད། གནད་དོན་འདི་དག་ལ་ཀུན་སྙོམས་ཉི་མ་ལྟ་བུ་ཞིག་གནང་མ་ཐུབ་ན་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཉིད་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་ཉག་གཅིག་ཏུ་གྱུར་ཡོད། དེར་བརྟེན་རྩོད་རྙོག་ག་འདྲ་ཞིག་ཡིན་ཡང་༧གོང་ས་མཆོག་རང་ཉིད་ཀྱི་ཕྱོགས་སུ་འདྲེན་ཐབས་བྱེད་པ་ནི། ༧གོང་ས་མཆོག་ཐབ་ཕྱིས་ལྟ་བུར་བེད་སྤྱོད་བྱས་པ་ཞིག་ལས་དད་པ་ཡོད་པ་དང་དམ་ཚིག་གཙང་བ་ཞིག་ཏུ་ངོས་འཛིན་གཏན་ནས་བྱེད་མི་ཐུབ་པ་ཞིག་རེད།

མདོར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་ཆེ་ས་ནས་ད་ལྟའི་ཆར་འཛམ་གླིང་སྤྱིའི་ཉི་མ་ཞིག་ཏུ་གྱུར་ཡོད་པ་དང་། ཆུང་ས་ནས་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་”ཞེས་བོད་པ་ཡོངས་ཀྱི་སྤྱི་ནོར་ཞིག་ཏུ་ངོས་འཛིན་བྱེད་པ་ལས། རྩོད་རྙོག་ཆུང་ཙག་ཙམ་གྱི་རྒྱབ་རྩ་རུ་འདྲེན་ཐབས་བྱེད་པ་ནི། གསེར་ནག་གི་ཐབ་རྡོ་དང་། ཟ་འོག་གི་ཐབ་ཕྱིས་བྱེད་པ་ལྟ་བུར་གྱུར་ཡོད། དེར་བརྟེན་ད་ལྟའི་ཆར་༧གོང་ས་མཆོག་གི་མཚན་སྙན་གྲགས་ལ་བརྟེན་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་རང་དོན་སྒྲུབ་མཁན་གྱི་མི་སྣ་མང་པོ་ཞིག་ཡོད་པ་མ་ཟད། རང་ཉིད་ཀྱི་ཁ་གཏད་དུ་གྱུར་པའི་བོད་མི་སུ་ཡིན་ཡང་དེ་ནི་༧གོང་ས་མཆོག་ལ་དད་གུས་མི་ཞུ་མཁན་དང་། ༧གོང་ས་མཆོག་དགྲ་ཡི་དྭངས་མར་བརྩི་མཁན་ཡིན་པར་སྒྲུབ་ཐབས་ཁོ་ན་བྱེད་པ་ནི། རང་དོན་ཁོ་ན་ལས་༧གོང་ས་མཆོག་ལ་དད་པ་ཡོད་པ་ཕར་ཞོག ཤ་ཚ་དང་དགའ་ཞེན་ཙམ་ཡང་མེད་པ་གསལ་པོ་རེད། གལ་སྲིད་༧གོང་ས་མཆོག་ལ་དད་འདུན་ཡོད་ན་ཚང་མས་གུས་བཀུར་ཡོང་ཐབས་དགོས་པ་ལས། ང་གཅིག་པུས་གུས་བཀུར་ཙམ་གྱིས་འགྲིག་པ་ཞིག་ག་ལ་ཡིན།།