གསེར་མདོག་གི་འགྲུལ་བཞུད་ཅེས་པའི་པར་གྱི་འགྲེམས་སྟོན།
ཟླ་འདིའི་ཚེས་༢༠ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་མཛོད་དགེ་དཀོན་མཆོག་རྒྱལ་མཚན་གྱིས་བརྒྱབ་པའི་པར་“གསེར་མདོག་གི་འགྲུལ་བཞུད་”ཅེས་པའི་འགྲེམས་སྟོན་ཞིག་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་ཡོད་པ་རེད།
ཉིན་དེའི་སྐུ་མགྲོན་གཙོ་བོ་ཀརྟི་རིན་པོ་ཆེས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་། ཁོང་གིས་བོད་དོན་ཆེད་དུ་ཚང་མས་འགན་ཁུར་དགོས་སྐོར་གསུང་དོན། “སོ་སོའི་ཕྲུ་གུ་ལ་བོད་ཀྱི་སྐད་ཡིག་སློབ་རྒྱུ་དང་། བོད་ནང་དུ་སོང་ནས་པར་བརྒྱབ་སྟེ་བོད་ངོ་སྤྲོད་ཆེད་པར་གྱི་འགྲེམས་སྟོན་མང་པོ་ཞིག་བྱས་འདུག པར་དེ་བསྟན་ཡོང་དུས་བཟང་ངན་གྱི་འགྲེལ་བཤད་རྒྱག་མི་དགོས་པར་དངོས་སུ་མཐོང་གི་ཡོད་པ་རེད། སོ་སོས་གང་ཐུབ་པ་དེའི་ཐོག་ནས་བོད་སྤྱི་པའི་ཆེད་དུ་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་རེད། མདོ་སྨད་ནང་གི་ས་གནས་མང་པོའི་པར་ཡོད་པས། རྒྱ་གར་ནང་འཚར་ལོངས་བྱུང་བའི་བོད་མཐོང་མ་མྱོང་མཁན་གྱི་ན་གཞོན་ཚོས་བོད་ཟེར་བ་ག་འདྲ་ཡིན་པ་གནས་སྟངས་པར་གྱི་ཐོག་ནས་གང་འཚམས་ཤེས་ཀྱི་རེད་”ཅེས་དོ་སྣང་དགོས་སྐོར་གསུངས་སོང་།
པར་པ་དཀོན་མཆོག་རྒྱལ་མཚན་གྱིས་ཁོང་གིས་བརྒྱབ་པའི་པར་དེ་དག་ངོ་སྤྲོད་གནང་དོན། “ང་ཕ་ཡུལ་དང་ཁ་བྲལ་ནས་ལོ་༢༡ ཀྱི་རྗེས་སུ་༢༠༡༣ ལོར་གཉེན་འཕྲད་དུ་འགྲོ་སྐབས་ཀྱི་པར་རེད། པར་དེ་ཚོ་རྒྱག་སྐབས་རྒྱ་ནག་གཞུང་གིས་དམ་དྲག་དང་རྗེས་འདེད་བྱེད་ཀྱི་འདུག་ལ། ༧སྐྱབས་མགོན་རིན་པོ་ཆེ་དང་། ཀིརྟི་རིན་པོ་ཆེའི་འཁྲུངས་གཞིས་སོགས་པར་རྒྱག་མ་བཅུག་ནས། གསང་སྟབས་ཀྱིས་པར་བརྒྱབ་པ་མང་པོ་ཡོད་”ཅེས་འགྲེལ་བརྗོད་བྱས་སོང་།
ཁོང་གིས་གསུང་དོན། “ལོ་༢༡ ཀྱི་རྗེས་སུ་ཕ་ཡུལ་མཐོང་སྐབས་འགྱུར་ལྡོག་ཆེན་པོ་སོང་འདུག་ལ། རྒྱ་ནག་གིས་ཡར་རྒྱས་ཞེ་དྲག་བཏང་ཡོད་ཟེར་གྱི་ཡོད་རེད་མོད། སོ་སོས་དངོས་སུ་མཐོང་སྐབས་བློ་ཕམ་བྱེད་དགོས་ས་མང་པོ་འདུག དཔེར་ན་ང་ཆུང་ཆུང་སྐབས་འཚར་ལོངས་བྱུང་སའི་གྲོང་པའི་ནང་མེ་ཆུ་ཟེར་བ་ཞིག་ཡོད་རེད། སྔོན་མ་ཆུ་དེར་བརྒལ་གྱི་ཡོད་པ་དང་སེམས་ཅན་ཚང་མས་འཐུང་གི་ཡོད་པ་རེད། ཉེ་འཁོར་གྱི་སེམས་ཅན་ཚང་མ་ཆུ་དེ་ལ་བརྟེན་ཡོད་པ་རེད། ད་ལྟ་འབག་བཙོག་ཆགས་པ་དང་ཆུ་དེ་མཐོང་ཡ་མེད་པ་འདྲ་ཆགས་འདུག་པར་བློ་ཕམ་ཆེན་པོ་བྱུང་སོང་”ཞེས་ཡར་རྒྱས་བཏང་ཡོད་ཟེར་བ་མང་པོ་ཞིག་ཁོ་རང་ཚོའི་གཞུང་ལས་མི་མང་ལ་ཕན་ཐོགས་ཆེན་པོ་མེད་སྐོར་གསུངས་སོང་།
“སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་ཆེད་ལས་ཀ་ཞིག་བྱེད་དགོས་རེད་བསམ་ནས། མི་རེ་རེར་རྩལ་རེ་རེ་ཡོད་པས། སོ་སོའི་ནུས་པ་གང་ཡིན་པ་དེ་འདོན་དགོས་པ་རེད། ང་རང་གིས་པར་གྱི་སྐོར་ལ་ལས་ཀ་བྱེད་ཀྱི་ཡོད་ལ། དེས་བོད་ལ་ཕན་ཐོགས་བྱུང་ན་མུ་མཐུད་ལས་ཀ་བྱེད་རྒྱུ་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།
ཁོང་གིས་༢༠༠༩ ལོ་ནས་ཨོ་སི་ཁྲུ་ལི་ཡར་པར་གྱི་འགྲེམས་སྟོན་ཐེངས་ཁ་ཤས་བྱས་ཡོད་པ་དང་། ༢༠༡༤ ལོར་༧གོང་ས་མཆོག་ཨོ་སི་ཁྲུ་ལི་ཡར་ཕེབས་སྐབས། པར་གྱི་འགྲེམས་སྟོན་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད།
འགྲེམས་སྟོན་དེའི་ནང་བོད་མདོ་སྨད་ཀྱི་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དང་། བླ་བྲང་བཀྲ་ཤིས་འཁྱིལ། ཀིརྟི་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་གཞིས་དང་ཁོང་ཁྲི་སྟོན་མཛད་སྒོ་གནང་ཡུལ་གྱི་བཞུགས་ཁྲི། ༧གོང་ས་མཆོག་གི་འཁྲུངས་གཞིས་དང་རྭ་སྐོར་ཕྱི་ནང་། དེང་དུས་ཀྱི་འབྲོག་པའི་རྣམ་པ། པན་ཆེན་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་སོགས་བོད་ནང་གི་ད་ལྟ་གནས་སྟངས་དང་འབྲེལ་བའི་པར་ལྔ་བཅུ་ལྷག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།