གུ་དོག་པའི་སྒྱུ་རྩལ་གྱི་ཁོར་ཡུག

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༢༥ ཡི་ཆེད་བརྗོད།) མི་རིགས་ཤིག་མི་རིགས་གཞན་གྱི་ངོ་བོར་མ་འགྱུར་བར་དར་རྒྱས་ཡུན་གནས་ཡོང་བ་ལ་མི་རིགས་དེའི་སྒྱུ་རྩལ་རིག་གནས་རྒྱུད་འཛིན་དགོས་པ་དང། སྔར་ཡོད་སྒྱུ་རྩལ་རིག་གནས་ཀྱི་རྨང་གཞིའི་ཐོག་མི་རིགས་སོ་སོའི་འཚོ་བའི་གོམས་གཤིས་དང་རྒྱབ་འགལ་དུ་མ་སོང་ཞིང་། དུས་རབས་ཀྱི་འགྲོས་དང་མཐུན་པའི་ཁ་བསབ་དུས་ནས་དུས་སུ་བྱེད་མ་ཐུབ་ན། སྤྱི་ཚོགས་ཀྱི་འཚོ་བའི་དགོས་མཁོ་དང་སྒྱུ་རྩལ་རིག་གནས་གཉིས་འབྲེལ་བ་གང་ཡང་མེད་པ་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་རེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྒྱུ་རྩལ་རིག་གནས་ལ་དོ་སྣང་བྱེད་མཁན་དཀོན་པ་དང། བཙན་བྱོལ་གཞུང་གི་ངོས་ནས་ཀྱང་མཐུན་འགྱུར་རོགས་རམ་ཧ་ཅང་ཞན་པ་མ་ཟད། སྒྱུ་རྩལ་པ་རྣམས་ལ་ཚད་མཐོའི་ངོས་འཛིན་ཙམ་ཡང་ཐུབ་མེད། མི་མང་གི་ངོས་ནས་སྒྱུ་རྩལ་རིག་གནས་ལ་སྦྱོང་བརྩོན་བྱ་རྒྱུར་དོ་སྣང་ཆེན་པོ་མེད་པ་དང། དཔེར་ན་བཟོའི་སྒྱུ་རྩལ་ལ་སློབ་མཁན་ཞིག་ཡིན་ན་སློབ་གྲྭའི་ཡིག་རྒྱུགས་མ་འཕྲོད་པ་ཞིག་གམ། ཐ་ན་རིག་པ་དྭངས་གསལ་མེད་མཁན་ཞིག་ཀྱང་ཡིན་སྲིད་པ་ལྟ་བུར་གྱུར་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྒྱུ་རྩལ་ནི། མི་སོ་སོའི་དགའ་ཕྱོགས་ཀྱི་རྣམ་པ་སྟོན་ཐབས་ཙམ་ལས། དེ་ལ་བརྟེན་ནས་འཚོ་བའི་མདུན་ལམ་ཡག་པོ་ཞིག་བསྐྲུན་མ་ཐུབ་ན། རིམ་པས་སྒྱུ་རྩལ་རིག་གནས་ལ་ཆེད་སྦྱོང་བྱེད་མཁན་ནམ། དེ་ལ་དོ་སྣང་དང་རྒྱུད་འཛིན་བྱེད་མཁན་མེད་པར་འགྱུར་རྒྱུ་ཉག་གཅིག་རེད། སྒྱུ་རྩལ་པ་ཚད་ལྡན་དག་ལ་སྤྱི་ཚོགས་ཀྱི་ངོས་ནས་གདེང་འཇོག་དང་རྒྱབ་སྐྱོར་མེད་པ་མ་ཟད། ངོས་འཛིན་ཡག་པོ་ཙམ་ཡང་མེད་པར། དཔེར་ན་“སྙན་ངག་ནི་མཁས་པའི་ལོག་སྐད་རེད་”ཅེས་པ་ལྟ་བུ་ལས་ཆེ་མཐོང་མེད་ན། སྙན་ངག་སྒྱུ་རྩལ་གྱིས་བཞེངས་སྐྲུན་བྱས་པའི་ཚོར་བ་ལ་བརྟེན་ནས་སྤྱི་ཚོགས་ལ་བསམ་བློ་ཡར་རྒྱས་ཀྱི་སྣེ་ཁྲིད་པ་ཞིག་ཡོང་མི་སྲིད། དོན་དངོས་སུ་ཕྱི་དངོས་པོའི་དཔལ་ཡོན་དང་། ནང་བསམ་བློའི་དཔལ་ཡོན་གཉིས་ཀ་ཡར་རྒྱས་འགྲོ་བར་སྒྱུ་རྩལ་ལས་རིགས་ནི་མེད་ཐབས་མེད་པས། བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་གཉིས་ཀྱི་ངོས་ནས་སྒྱུ་རྩལ་གྱི་ནུས་པ་དང་ཤུགས་རྐྱེན་ལ་ངོས་འཛིན་གསལ་པོ་དང་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པ་ཞིག་རེད།
སྒྱུ་རྩལ་པ་རྣམས་ཀྱི་ངོས་ནས་བཤད་ཀྱང་རང་ཉིད་ཀྱི་སྒྱུ་རྩལ་རིག་གནས་ལ་བརྟེན་ནས་འཚོ་བའི་མདུན་ལམ་ཐག་གཅོད་བྱེད་མི་ཐུབ་པ་མེད་ཀྱང། ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་རུང་ཞིག་ཏུ་བསྐྱོད་ནས་ཟ་ཁང་གི་ལག་གཡོག་ཙམ་དང། གླ་འཁོར་གྱི་ཁ་ལོ་པ་སོགས་ཞབས་ཞུའི་ལས་རིགས་ནང་ཞུགས་མཁན་ནི་ཉུང་ཉུང་ཞིག་གཏན་ནས་མ་རེད། སྙན་ངག་པ་རྩེ་གྲས་རེ་ཟུང་ཞིག་གིས་ཀྱང་གླ་འཁོར་བཏང་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་དང། རང་ཉིད་ཀྱི་དགའ་ཕྱོགས་དང་སྒྱུ་རྩལ་གྱི་ནུས་པ་རྒྱུད་འཛིན་བྱ་རྒྱུའི་སེམས་ཤུགས་ཡོངས་སུ་ཉམས་ཟིན་པ་ལྟ་བུར་གྱུར་ཡོད། དེ་བཞིན་གླུ་གཞས་ཀྱི་སྒྱུ་རྩལ་པ་དག་ལ་མཚོན་ནའང་སྒྱུ་རྩལ་ལ་བརྟེན་ནས་འཚོ་བའི་གནད་དོན་ཐག་གཅོད་དཀའ་བས། རིམ་པས་སྒྱུ་རྩལ་གྱི་ལས་རིགས་དེ་ཟུར་འཇོག་མི་བྱེད་ཐབས་མེད་དུ་གྱུར་ཡོད། གོང་དུ་བརྗོད་པ་བཞིན་སྒྱུ་རྩལ་པ་གསར་པ་སྐྱེད་སྲིང་བྱ་རྒྱུའི་ཁོར་ཡུག་ནི་ཧ་ཅང་རྒྱ་ཆུང་བས། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྒྱུ་རྩལ་གྱི་འཚོ་བ་ནི་རླུང་གསེབ་ཀྱི་མར་མེ་ལྟ་བུར་འགྱུར་ལ་ཉེ།
སྒྱུ་རྩལ་པ་རྣམས་ལ་མཐུན་རྐྱེན་དང་ཁོར་ཡུག སྤྱི་ཚོགས་ཀྱི་ངོས་འཛིན་བཅས་ཕྱོགས་གང་ཐད་ནས་འཐུས་སྒོ་ཚང་དུ་གཏོང་མ་ཐུབ་ན། རིམ་པས་སྒྱུ་རྩལ་གྱི་གསོན་ཤུགས་གཏན་ནས་མེད་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུ་ལས་མེད། ད་བར་སྒྱུ་རྩལ་གྱི་ཐོག་ནས་བོད་ཀྱི་ཟློས་གར་ཚོགས་པ་ལ་འགྲོ་སོང་མང་པོ་བཏང་ཡོད་པ་དང། སློབ་ཕྲུག་རྣམས་ལ་དགེ་རྒན་དང་གར་སྟེགས། འཚོ་བའི་མཐུན་རྐྱེན་བཅས་བཙན་བྱོལ་སྤྱི་ཚོགས་ཤིག་ལ་དཔག་པས་ཡག་པོ་ཡོད་ནའང། ད་ལྟའི་ཆར་ཟློས་གར་སློབ་སྦྱོང་བྱེད་པར་འཛུལ་ཞུགས་བྱེད་མཁན་དཀོན་པ་དང་། རྙིང་པའི་ནང་དུའང་རྩ་དགོངས་ཞུ་མཁན་མང་བས་རང་བཞིན་གྱིས་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་སྔོན་མ་རྟེན་བཞེངས་དང་། ཤིང་བརྐོས། ལྷ་བྲིས་སོགས་སྒྱུ་རྩལ་རིག་གནས་རྒྱུད་འཛིན་གྱི་གནས་སྟངས་ཡག་པོ་ཡོད་ཀྱང། ད་ལྟའི་ཆར་སྦྱང་བརྩོན་བྱེད་མཁན་གྱི་སློབ་མ་ཧ་ཅང་དཀོན་པ་སོགས་ཀྱིས་མདུན་ལམ་དང་ཁོར་ཡུག་རྒྱ་ཆེན་པོ་གང་ཡང་མེད་པར་གྱུར་ཟིན།
མདོར་ན་སྒྱུ་རྩལ་པ་གསོ་སྐྱོང་དང། སྒྱུ་རྩལ་གྱི་ནུས་པ་སྐྱེད་སྲིང་བྱེད་པར་གཞུང་སྒེར་གཉིས་ངོས་ནས་ནུས་པ་འདོན་དགོས་པ་ལས། ཕྱོགས་གཅིག་ནས་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ནའང་། དེ་ལ་དོ་སྣང་བྱེད་མཁན་མེད་པ་དང་། སློབ་སྦྱོང་བྱེད་མཁན་ཅུང་ཙམ་ཡོད་པ་དག་ཀྱང་རིག་པ་རྟུལ་པོ་དང་དོ་སྣང་མེད་པ། སློབ་སྦྱོང་གཞན་དག་ཁུངས་མ་འཁྱོལ་བར་སྒྱུ་རྩལ་ལས་རིགས་ལ་བཙན་གྱིས་བརྫངས་པ་ལྟ་བུ་མ་ཡིན་པར། ལྷན་སྐྱེས་ཀྱི་རིག་པ་བཀྲ་ཞིང་། སྒྱུ་རྩལ་གྱི་སེམས་ཁམས་ཡོད་མཁན་དག་སྒྱུ་རྩལ་གྱི་ལམ་བུར་ཞུགས་ཐུབ་པ་བྱ་རྒྱུར་སྒྲིག་འཛུགས་དང་། ཕ་མ། བུ་ཕྲུག་བཅས་ཕྱོགས་གསུམ་ནས་ནུས་པ་འདོན་ཐུབ་པ་ཞིག་བྱུང་ན། ཟས་གོས་གནས་མལ་ཙམ་ལས་དགའ་ཕྱོགས་ཆེན་པོ་གཞན་མེད་པའི་སྤྱི་ཚོགས་འདིའི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་ངེས་རེད། སྒྱུ་རྩལ་སོགས་ལས་རིགས་གང་ཡིན་ཡང་ཞོར་དུ་རང་ཉིད་ཀྱི་འཚོ་བའི་གནད་དོན་ཐག་གཅོད་མི་ཐུབ་ན། བློས་གཏོང་ཁོ་ན་ལ་བརྟེན་ནས་རྒྱུད་འཛིན་དར་སྤེལ་མི་ཐུབ་པ་ནི་ཧ་ཅང་གསལ་པོ་རེད།།