གུང་ཐང་སྐུ་ཕྲེང་དྲུག་པའི་སྐོར་གྱི་གུང་ཐང་ཞིབ་འཇུག་དཔེ་དེབ་དབུ་འབྱེད།

ཟླ་འདིའི་ཚེས་༣༠ ཉིན་གྱི་སྔ་དྲོ་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་གུང་ཐང་འབྲུག་བྷེས་ཕྱོགས་སྒྲིག་བྱས་པའི་གུང་ཐང་ཞིབ་འཇུག་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་པ་དང་། དཔེ་དེབ་དེ་ནི་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་གི་མཛད་འཕྲིན་དང་འབྲེལ་བའི་ཞིབ་འཇུག་རྩོམ་ཡིག་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པ་རེད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་དཔེ་དེབ་དབུ་འབྱེད་གནང་བ་དང་། ཁོང་གིས་གུང་ཐང་རིན་པོ་ཆེ་རྗེས་དྲན་དངོས་གནས་དེ་བོད་བསྟན་པ་ཆབ་སྲིད་ཆེད་དུ་སྐུ་ངལ་བསྐྱོན་པའི་མཛད་འཕྲིན་ཁག་ལག་བསྟར་ཡོང་ཐབས་དང་། ཁོང་གི་དགོངས་པ་བཞིན་བསྒྲུབ་ཐབས་སུ་འབད་བརྩོན་བྱེད་དགོས་སྐོར། དེ་བཞིན་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་ལ་སྐུ་གོང་མ་བཞིན་རྒྱ་ནག་གིས་གནོན་ཤུགས་དང་སུན་གཙེར་ཡོད་མེད་ལ་མ་ལྟོས་པར་སྐུ་གོང་མའི་དགོངས་པ་ཁག་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་སྐོར་གསུངས་སོང་། དེ་བཞིན་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་གྱིས་གོང་ཐང་སྐུ་ཕྲེང་དྲུག་པའི་སློབ་གཉེར་སྐོར་དང་། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་བར་བོད་བསྟན་པ་ཆབ་སྲིད་ཆེད་ཐུགས་མཐུན་དགོངས་པ་གཅིག་མཚུངས་ཡིན་སྐོར་གྱི་གསུང་བཤད་གནང་བ་དང་། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་གྱིས་དེབ་དེའི་ནང་གི་ཞིབ་འཇུག་རྩོམ་ཡིག་གལ་ཆེན་ཁག་ངོ་སྤྲོད་ཀྱི་གཏམ་བཤད་གནང་ཡོད་པ་རེད།

དེབ་དེ་ཕྱོགས་སྒྲིག་པ་གུང་ཐང་འབྲུག་བྷེས་གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་མཛད་འཕྲིན་སྤྱི་དང་། བྱེ་བྲག་གུང་ཐང་སྐུ་ཕྲེང་དྲུག་པའི་མཛད་འཕྲིན་ཁག་དང་། རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་དང་མནར་གཅོད་སྐོར་ངོ་སྤྲོད་གནང་སྐབས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་བོད་མི་ཚོ་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་སྐབས། ཁོང་གི་ཕྱག་མཛོད་གུང་ཐང་ཚུལ་ཁྲིམས་ལྷ་སར་སོང་སྟེ། རིན་པོ་ཆེ་རྒྱ་གར་ལ་ཕེབས་རྒྱུའི་ལམ་ཁ་ཆ་ཚང་བཟོས་ཡོད་ནའང་། ཁོང་གིས་“བོད་མིས་དཀའ་ངལ་མྱངས་བསྡད་ཡོད་དུས། ང་འབྲོ་འགྲོ་ས་ཞིག་མེད་ཨ། སྐྱིད་ན་བོད་མི་མཉམ་དང་སྡུག་ན་བོད་མི་མཉམ་རེད་”ཅེས་རིན་པོ་ཆེས་བཀའ་གནང་ནས་བྲོས་བྱོལ་དུ་མ་ཕེབས་སྐོར་དང་། གུང་ཐང་རིན་པོ་ཆེས་བཙོན་ཁང་དུ་ནང་ཆོས་ཙམ་མིན་པར་རྒྱ་ཡིག་དང་དམར་ཤོག་ལྟ་གྲུབ་སྐོར་ལ་སློབ་གཉེར་གནང་ནས། མར་ལེ་རིང་ལུགས་སྐོར་གྱི་བརྩམས་ཆོས་ཤིག་བརྩམས་ཡོད་ནའང་། ཁོང་བཙོན་གྲོལ་ཐོབ་དུས་བརྩམས་ཆོས་བཙོན་ཁང་དུ་ལྷག་ནས་ད་དུང་རག་མེད་སྐོར་ངོ་སྤྲོད་གནང་སོང་།

དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་དེབ་ཕྲེང་༤༡ པའི་ངོ་བོར་པར་སྐྲུན་བྱས་ཡོད་པ་དང་། གུང་ཐང་སྐུ་ཕྲེང་དྲུག་པ་ཕྱི་ལོ་༡༩༢༦ ལོར་སྐུ་འཁྲུངས་པ་དང་། ༢༠༠༠ ལོར་སྐུ་གཤེགས་ཡོད་པ་རེད། དེབ་དེའི་ནང་ཁོང་གི་སྐུའི་ཆེ་བའི་ཡོན་ཏན་དང་། རྒྱ་ནག་གི་བཙོན་ཁང་ནང་༡༩༥༨ ལོ་ནས་ལོ་༢༡ ལ་དཀའ་སྡུག་ཇི་འཕྲད། བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་བསྐྱངས་ལུགས། ༧རྒྱལ་པཎ་རྣམ་གཉིས་ལ་དད་པ་དང་གང་གི་གསུང་རྣམས་དངོས་ཤུགས་བརྒྱུད་གསུམ་ནས་གཙུག་རྒྱན་དུ་བཀུར་སྐོར། རྒྱ་གར་ནས་བོད་མིའི་སྐུ་ཚབ་བོད་དུ་ཕེབས་སྐབས་མཇལ་འཕྲད་སྐོར་སོགས་འཁོད་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།