གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་བོད་མཐོ་སྒང་བཞུར་བཞིན་པ།

བོད་ནུབ་ཕྱོགས་རྒྱུད་ཀྱི་འཁྱགས་རོམ་རྣམས་ལོ་ངོ་སྟོང་ཕྲག་མང་པོ་རིང་མཁྲེགས་པོ་གནས་ཡོད་ཀྱང་། ད་ལྟའི་ཆར་གོ་ལའི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་གནས་སྟངས་དེར་འགྱུར་བ་འགྲོ་བཞིན་ཡོད་ཁར། ཚན་རིག་པ་ཁག་ཅིག་གིས་མ་འོངས་པར་གངས་རུད་ཡང་ཡང་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

15451462_1352229494800916_917252925_nཟླ་འདིའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འདི་ལོའི་ཟླ་༧ པའི་ཚེས༡༧ ཉིན་མའང་རིས་རུ་ཐོག་རྫོངས་ཁུལ་དུ་གངས་རུད་ཤུགས་ཆེན་ཞིག་བྱུང་ནས། གངས་དང་འཁྱགས་པ་ཤོ་གཟུགས་མི་ཊར་ས་ཡ་༦༥ ཙམ་སྤོ་ཤུད་ཐེབས་ནས། རྫི་བོ་༩ དང་སྒོ་ཕྱུགས་བརྒྱ་ཕྲག་ཁ་ཤས་བསད་ཡོད་པ་དང་། དེ་རྗེས་ཟླ་༩ པའི་ཚེས་༢༡ ཉིན་དེ་སྔོན་ས་ཁུལ་དེ་ནས་སྤྱི་ལེ་ཁ་ཤས་སར་གངས་རུད་ཤུགས་ཅུང་ཆུང་བ་ཞིག་བྱུང་ཡོད་པས། གངས་རུད་དང་པོ་དེ་བྱུང་སྐབས་སུ་ཚ་གྲང་ནི་ཆ་སྙོམས་ཡིན་འདུག འཁྱགས་རོམ་དེ་ས་ཆ་ཁོད་སྙོམས་པོར་ཆགས་ཡོད་པས། ཚན་རིག་པ་ཚོ་ཡ་མཚན་སྐྱེས་ཡོད་པ་དང་། ནོར་ཝེ་ཨོ་སེ་ལོའི་གཙུག་ལག་སློབ་གཉེར་ཁང་གི་འཁྱགས་རོམ་ཞིབ་འཇུག་པ་ཨེན་ཌེ་རེ་ས་ཀབ་ཀྱིས། ཨ་རིའི་མཁའ་སྐྱོད་བཟོ་སྐྲུན་དང་བར་སྣང་ལས་དོན་ཁང་ལ། གངས་རུད་ཆེན་པོ་དེ་འདྲ་བྱུང་བ་དེ་སྤྱིར་བཏང་བ་ཞིག་མིན་པ། དེ་བཞིན་གངས་རུད་དེ་གཉིས་ས་ཐག་ཉེ་བའི་ས་ལ་བྱུང་བ་དེ་འདྲའི་རིགས་སྔོན་ཆད་བྱུང་མྱོང་མེད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
རྒྱལ་སྤྱིའི་འཁྱགས་རོམ་ཞིབ་འཇུག་པའི་ཚོགས་པ་ཁག་ཅིག་གིས། བོད་ནང་དུ་གངས་རུད་དང་པོ་དེ་བྱུང་རྗེས། དེའི་འབྱུང་རྐྱེན་བརྟག་དཔྱད་བྱས་ཡོད་འདུག་པ་དང་། ཁོ་ཚོའི་ཞིབ་འཇུག་ལྟར་ན། དེ་ནི་འཁྱགས་པ་མྱུར་པོའི་ངང་འཁྱགས་རོམ་གྱི་མགོ་ནས་མཇུག་ལ་བརྒྱུགས་པ་དང་། དེའི་རྐྱེན་གྱིས་འཁྱགས་རོམ་གྱི་ནང་དུ་ཆུ་བསགས་ནས། འཁྱགས་རོམ་གྱི་འཁྱགས་པའི་རྨང་གཞི་བརྟན་པོ་མེད་པ་ཆགས་ནས་རྡིབ་ཡོད་པར་ཚོད་དཔག་བྱས་ཡོད་འདུག དེ་རྗེས་ཟླ་༩ པའི་ཚེས་༢༡ ཉིན་ཚན་རིག་པ་ཚོས་བོད་ནང་དུ་གངས་རུད་གཉིས་པ་ཞིག་འབྱུང་ཉེན་ཡོད་པ་ཤེས་ཏེ། རྒྱ་ནག་ལ་ཉེན་བརྡ་བཏང་འདུག་ཀྱང་། ཉིན་དེ་ལ་གངས་རུད་གཉིས་པ་དེ་བྱུང་ཡོད་འདུག
ཚན་རིག་པ་ཚོས་ཉེན་བརྡ་དེ་རྗེས་ལུས་ཐེབས་ཡོད་ཀྱང་། དེ་ལས་ཚན་རིག་པ་ཚོས་གངས་རུད་ཀྱི་འབྱུང་རྐྱེན་ལ་ཤེས་རྟོགས་ཆེ་རུ་འགྲོ་བཞིན་ཡོད་པས། མ་འོངས་པར་སྔོན་ཚུད་ནས་གྲ་སྒྲིག་བྱེད་ཐུབ་པ་ཡོང་སྲིད་སྐོར་བརྗོད་འདུག དེ་བཞིན་སྐུ་ཞབས་ཨེན་ཌེ་རེ་ས་ཀབ་ཀྱིས་གངས་རུད་དེ་གཉིས་བར་ལ་འབྲེལ་བ་གང་ཡོད་སྐོར་དཔང་རྟགས་ཁུངས་བཙན་མེད་ཀྱང་། བོད་ནང་གི་གནམ་གཤིས་འགྱུར་ལྡོག་དེ་འབྱུང་རྐྱེན་ཞིག་ཡིན་སྲིད་སྐོར་བརྗོད་ཡོད་འདུག་པ་དེར། བདུན་ཕྲག་སྔོན་མར་བཏོན་པའི་ཞིབ་འཇུག་རྩོམ་ཡིག་ཅིག་གིས་ཚོད་དཔག་དེར་རྒྱབ་སྐྱོར་བྱས་འདུག་པ་དང་། དེའི་ནང་ཁུལ་དེར་ལོ་༥༠ ཡི་ནང་ཚ་དྲོད་ཌེག་རིའི་སེལ་ཤི་སེ་༡.༥ ཡིས་འཕར་ཡོད་པས། དེ་ལ་བརྟེན་ནས་གངས་དང་འཁྱགས་པ་བཞུར་གྱི་ཡོད་པ་དང་། ཚ་དྲོད་མུ་མཐུད་རྒྱས་བཞིན་ཡོད་པས། བོད་ནུབ་ཕྱོགས་ཁུལ་གྱི་འཁྱགས་རོམ་རྣམས་བཞུར་བའི་ཉེན་ཁ་ཡོད་དང་། མ་འོངས་པར་གངས་རུད་འབྱུང་རྒྱུ་ཡིན་ཡང་། ད་ལྟའི་ཆར་དེ་འདྲ་ག་དུས་འབྱུང་རྒྱུ་ཡིན་པའི་ཚོད་དཔག་གི་ལམ་ཁ་མེད་སྐོར་ཞིབ་འཇུག་དེའི་ནང་བྲིས་ཡོད་འདུག

བོད་ཀྱི་ལྷོ་ཕྱོགས་དང་ཤར་ཕྱོགས་ཁུལ་དུ་འཁྱགས་རོམ་རྣམས་མྱུར་ཚད་ལྡན་པའི་ངང་བཞུར་བཞིན་ཡོད་འདུག་པ་དང་། དེང་གི་ཆར་ནུབ་ཕྱོགས་ཁུལ་གྱི་འཁྱགས་རོམ་ལ་ཡང་གནས་སྟངས་དེ་འདྲ་འབྱུང་སྲིད་པ་དང་། བོད་མཐོ་སྒང་གི་འཁྱགས་རོམ་རྣམས་ལོ་རེར་བརྒྱ་ཆ་༧ གྱི་ཚད་གཞིར་བཞུར་བཞིན་ཡོད་འདུག་པ་དང་། གལ་ཏེ་འགྲོས་དེ་མུ་མཐུད་ཕྱིན་ཚེ་ཕྱི་ལོ་༢༠༥༠ སྔོན་ལ་འཁྱགས་རོམ་གྱི་གསུམ་ཆ་གཉིས་མེད་པ་ཆགས་རྒྱུ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།