གོ་ཤེས་ཉན་ཤེས་མེད་པའི་མང་གཙོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༧༡ ཕྱི་ལོ་ ༢༠༡༥/༡༢/༢
སྤྱིར་མང་གཙོའི་སྤྱི་ཚོགས་ནང་སྤྱི་འབངས་ཚང་མས་རང་དབང་དང་འདྲ་མཉམ་གྱི་ཐོག་ནས་བསམ་ཚུལ་འདོན་ཆོག་པ་དང། ཐོབ་ཐང་དང་མཉམ་དུ་འགན་ཁུར་ཡང་ལེན་དགོས་པ་ནི་ལྡོག་ཐབས་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མང་གཙོ་དེ་ཡང་༧གོང་ས་མཆོག་གིས་གསོལ་རས་བསྩལ་བ་ནས་བཟུང། ད་བར་མི་ལོ་ལྔ་བཅུ་ལྷག་གི་རིང་ཀྱག་ཀྱོག་གི་བཞུད་ལམ་སྣ་ཚོགས་ཤིག་བརྒྱུད་ནས་མདུན་དུ་བསྐྱོད་ཡོད་ལ། བོད་པའི་མང་གཙོ་ལ་ཡར་རྒྱས་དང་ཚགས་ཚུད་ཀྱི་ཆ་ག་རེ་ཡོད་ཀྱང་ཚང་མ་༧གོང་ས་མཆོག་གི་ལམ་སྟོན་དང་དགོངས་གཞི་ཁོ་ན་ཡིན་ཞེས་བརྗོད་ཆོག་པ་ལས། བོད་པ་རང་ངོས་ནས་མང་གཙོའི་ལམ་དུ་བསྐྱོད་རྒྱུར་དགའ་ཞེན་དང་དོ་སྣང་ཆེན་པོ་བྱས་པའི་ལོ་རྒྱུས་མེད། བོད་པ་མི་རེ་ངོ་རེ་ནས་མང་གཙོའི་ཆེད་དུ་འབད་བརྩོན་བྱེད་པའི་གོམས་གཤིས་ཀྱང་མེད་ལ། གལ་སྲིད་བྱེད་མཁན་ཡོད་དབང་དུ་བཏང་ཡང་དེ་ལ་མ་ཉེས་ཁ་ཡོག་གི་ཞྭ་མོ་ནག་པོ་ཞིག་གཡོགས་ངེས་ཡིན་པའང་མངོན་དུ་འགྱུར་བཞིན་ཡོད།

མང་གཙོའི་སྤྱི་ཚོགས་ནང་སྐྱོན་བརྗོད་བྱེད་རྒྱུ་ཁོ་ན་གཙོ་བོ་མ་ཡིན་པ་དང། སྐྱོན་བརྗོད་བྱེད་ཆོག་པ་ཙམ་གྱིས་ཀྱང་ཡང་དག་པའི་མང་གཙོ་ཡིན་པ་མཚོན་མི་ཐུབ། སྐྱོན་བརྗོད་དང་འབོད་སྐུལ་བྱེད་མཁན་གྱི་ངོས་ནས་ཀྱང་རྒྱུ་མཚན་དང་གནས་ལུགས་མེད་པ་ཞིག་བརྗོད་མི་ཆོག་པ་དང། སྐྱོན་བརྗོད་དང་འབོད་སྐུལ་བྱེད་ཡུལ་གྱི་ངོས་ནས་ཀྱང་རྒྱུ་མཚན་དང་གནས་ལུགས་གསལ་བཤད་བྱེད་དགོས་པ་ལས། དང་པོ་ནས་སྐྱོན་བརྗོད་དང་འབོད་སྐུལ་བྱེད་མཁན་དག་གི་ཀུན་སློང་ལ་འགྲེལ་བརྗོད་དང་དོགས་པ་ཡོད་ཚུལ་ཁོ་ན་བརྗོད་རྒྱུ་གཙོ་འདོན་བྱས་པ་ནི་གཡོ་ཐབས་འབའ་ཞིག་ལས། མང་གཙོ་དང་འདྲ་མཉམ་གྱི་ཁ་གཡང་འབྲུག་ལྟར་གྲགས་པའི་སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ན་བྱེད་སྟངས་དེ་ནི་ངོ་ཚ་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད། ད་དུང་བཙན་བྱོལ་བོད་པའི་མང་གཙོ་ལ་འབར་འབུར་དང་གཤའ་གཤོངས་མང་པོ་ཡོད་པས། ལག་མཐིལ་དུ་བལྟས་པ་ལྟ་བུའི་ཕྱི་གསལ་ནང་གསལ་ཞིག་ཡོང་རྒྱུར་བར་ཐག་རིང་ཐག་ཆོད་ཡོད།

ལྷག་པར་དུ་འོས་བསྡུ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་དེ་ཕྱི་གསལ་ནང་གསལ་དང་འདྲ་མཉམ་ཞིག་ཡོང་མ་ཐུབ་ན་དེ་ནི་བཙན་བྱོལ་བོད་པའི་མང་གཙོའི་བཞིན་རས་ལ་ཆེད་དུ་ནག་དྲེག་བྱུགས་པ་ཡིན། རྩ་བས་སྐྱོན་དང་ནོར་འཁྲུལ་ཡོང་མི་ཆོག་པ་གཙོ་བོ་ཡིན་ལ། གལ་སྲིད་སྐྱོན་དང་ནོར་འཁྲུལ་ཡོད་པ་དེ་བརྗོད་མི་ཆོག་སྙམ་པའི་གོམས་གཤིས་དང་འབྲེལ་བའི་བྱེད་སྟངས་ནི་རང་དབང་ཅན་གྱི་དབང་ཆ་བེད་སྤྱོད་ལོག་པར་བཏང་བ་ལྟ་བུར་འགྱུར་ངེས་རེད། མང་གཙོའི་སྤྱི་ཚོགས་ནང་གོ་ཤེས་ཉན་ཤེས་བྱེད་དགོས་པ་ནི་ཧ་ཅང་གལ་ཆེ་ཞིང། གོ་ཤེས་དང་ཉན་ཤེས་མེད་པའི་དབང་འཛིན་པ་དང། གོ་ཤེས་ཉན་ཤེས་མེད་པའི་སྤྱི་འབངས་ཤིག་ཡོད་པའི་དབང་དུ་བཏང་ན། གནས་དེར་རང་དབང་མང་གཙོའི་འདབ་ལག་རྒྱས་མི་ཐུབ་པ་མ་ཟད། རྩ་བ་བརྟན་པོ་ཞིག་ཀྱང་ཚུགས་མི་ཐུབ། དེར་བརྟེན་མིང་དོན་མཚུངས་པའི་མང་གཙོ་ཞིག་ཆགས་རྒྱུར་མི་མང་ལ་འགན་ཁུར་ཡོད་ལ། དེ་བས་ཀྱང་གཞུང་གི་ངོས་ནས་བསམ་ཤེས་དང་བླང་དོར་དགོས་པ་ཧ་ཅང་མང།

མ་འོངས་པར་དབུ་མའི་ལམ་བརྒྱུད་ནས་མི་རིགས་ས་གནས་རང་སྐྱོང་ཞིག་རག་སྲིད་པའི་དབང་དུ་བཏང་ན། སྐབས་དེ་དུས་མང་གཙོ་ཡོང་བའི་རེ་བ་དང་དགོས་འདུན་གཉིས་ཀ་མེད་པས། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་གཙོ་ཐོག་མ་འཛུགས་ སྐབས་ཀྱི་དམིགས་ཡུལ་དང་མི་འདྲ་བར་ང་ཚོའི་མང་གཙོ་འདི་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་འཁོར་རྒྱ་གཅིག་པུ་ཙམ་ལས་ཕུགས་ཀྱི་དམིགས་ཡུལ་རྒྱ་ཆེན་པོ་ཞིག་མེད་པ་ནི། ཕྱི་ལོ་༢༠༠༨ ལོར་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཕུལ་བ་ནས་བཟུང་གསལ་པོ་ཆགས་པ་རེད། བཙན་བྱོལ་བོད་པའི་ངོས་ནས་སྔོན་མ་ཡིན་ན་གཞིས་བྱེས་མཉམ་འཛོམས་སྐབས་ལེགས་སྐྱེས་ཆེ་ཤོས་དེ་མང་གཙོའི་གོམས་གཤིས་དང་ལག་ལེན་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང། ད་ལྟ་སྐད་ཆ་དེ་ལྷག་མེད་པས་འཐབ་རྩོད་དང་མང་གཙོ་གཉིས་ལག་ལེན་གྱི་ཁྲོད་དུ་འགལ་ཟླ་ཡིན་པའི་བསམ་ཚུལ་ཡོད་མཁན་ཡང་ཡོད་པས་གནད་དོན་འདིའི་ཐོག་ལ་བསྐྱར་དུ་བསམ་བློ་གཏོང་དགོས་པའང་མེད་དམ་བསམ་པ་ལྟ་བུ་འདུག

མདོར་ན་གོ་ཤེས་དང་ཉན་ཤེས་མེད་པའི་མང་གཙོ་ནི་སྐབས་རེ་འགར་བསམ་བློ་བཏང་ན་ཡོད་ཀྱང་ཆོག་ལ་མེད་ཀྱང་མི་ཕངས་པ་ལྟ་བུར་གྱུར་ཡོད། མང་གཙོའི་སྤྱི་ཚོགས་ནང་མི་ཚང་མའི་བསམ་ཚུལ་ཡོངས་རྫོགས་བརྐོས་ཕོར་གཅིག་ལས་ཐོན་པའི་ཚ་ཚ་ནང་བཞིན་ཡོང་མི་ཐུབ་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་གོང་རིམ་ནས་བསམ་ཤེས་དང། གཞི་རིམ་ནས་ཉན་ཤེས་གང་ཡང་མེད་ཅིང། མ་འོངས་པར་བོད་གསར་འཛུགས་སྐྲུན་སྐབས་མང་གཙོ་དང་འབྲེལ་བའི་ཕུགས་འདུན་ཡང་མེད། སླད་བསམ་ཚུལ་མི་མཐུན་པ་ཡོང་ས་མེད་པར་ཚང་མ་ཁ་ཕྱོགས་གཅིག་ལ་འགྲོ་ཐུབ་པའི་ཆེད་དུ། ད་ལྟའི་མང་གཙོ་འདི་ཉིད་གནས་སྐབས་རིང་ཕྱིར་བསྡུ་གནང་བཞག་ཀྱང་མི་འགྲིག་པ་ག་རེ་ཡོད། བསམ་ཚུལ་མི་མཐུན་པ་མེད་པར་ཚང་མ་ཤར་བསྐྱོད་བྱེད་ཐུབ་ན་འཐབ་རྩོད་ཀྱི་ཐོག་ནས་རེ་བ་གསར་པ་ཞིག་ཡོད་ཚུལ་བརྗོད་མཁན་དག་ལའང། དོན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱེད་པའི་གོ་སྐབས་ཤིག་འབུལ་དགོས་པ་དེ་ཧ་ཅང་གལ་ཆེ་སྙམ།།