གོ་སྐབས་ཤོར་མི་རུང་བའི་བོད་དོན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་   ༦༤༢    ཕྱི་ལོ་ ༢༠༡༦/༤ /༡༢

ད་ལྟའི་དུས་འདིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རྩོད་རྙོག་མང་པོ་ཞིག་གི་ནང་བོད་དོན་ཡང་ཅུང་ཙམ་རེ་ཚུད་ཡོད་པ་དང་། དེའི་ནང་ནས་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ནང་བོད་དོན་ནི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་བཞིན་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ། ཡུ་རོབ་དང་རྒྱ་ནག་གི་འབྲེལ་ལམ། ཉི་ཧོང་སོགས་རྒྱལ་ཁབ་མང་པོ་ཞིག་དང་རྒྱ་ནག་གི་འབྲེལ་ལམ་ནང་བོད་དོན་དེ་ཡང་རང་བཞིན་གྱིས་འབྲེལ་བ་ཆགས་ཡོད། དེར་བརྟེན་འཛམ་གླིང་གི་རྒྱལ་ཁབ་སོ་སོས་བོད་དོན་དེ་ལྡོག་ཕྱོགས་ནས་བེད་སྤྱོད་གཏོང་བ་དང་། སྐབས་རེ་སྒྲུབ་ཕྱོགས་ནས་བེད་སྤྱོད་གཏོང་བ་སོགས་སྐབས་སོ་སོར་དགོས་མཁོ་ལ་གཞིགས་ནས་བེད་སྤྱོད་གཏོང་གི་ཡོད། དེ་ལྟར་བྱེད་སྲིད་པ་ཙམ་དུ་མ་ཟད། རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་དེ་ལྟར་བེད་སྤྱོད་གཏོང་དགོས་པ་ཞིག་ཀྱང་ཆགས་ཡོད་སྟབས། སྐབས་མཚམས་སོ་སོར་རྒྱལ་ཁབ་ཁག་གི་བོད་དོན་བེད་སྤྱོད་གཏོང་སྟངས་མི་འདྲ་བ་ཡོད་པ་ཙམ་གྱིས་བོད་པའི་ངོས་ནས་དགའ་སྡུག་གི་ཚོར་བ་ཤུགས་ཆེན་པོ་སྐྱེ་དགོས་པའི་རྒྱུ་མཚན་གང་ཡང་མེད།

འོན་ཀྱང་བོད་པའི་ངོས་ནས་གནད་དོན་དེ་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་མ་ཟད། སྟོབས་ཆེན་རྒྱལ་ཁབ་ཁག་གིས་བོད་དོན་བེད་སྤྱོད་ཇི་ལྟར་བཏང་བ་དེ་ལྟར་བོད་པའི་ངོས་ནས་ཀྱང་གོ་སྐབས་དེ་དམ་འཛིན་གྱིས་བོད་དང་བོད་དོན་ལ་ཕན་པའི་ཁེ་ཕན་དེ་རྩོད་ལེན་བྱེད་ཐུབ་དགོས། དེ་ལྟར་བྱེད་མ་ཐུབ་པར་བོད་དོན་ནི་སྡིངས་ཆའི་སྒང་གི་འཁྲབ་ཆས་བཞིན་མི་ཚང་མའི་བཟོ་ལྟ་སྟོན་བྱེད་ཙམ་ཞིག་ཏུ་གྱུར་ཚེ། གསེར་དང་འདྲ་བའི་གོ་སྐབས་དེ་དག་བོད་པས་དམ་འཛིན་མ་ཐུབ་པར་འཐུས་ཤོར་དུ་བཏང་བ་རེད། དཔེར་ན་ད་ལྟའི་ཆར་རྒྱ་དཀར་ནག་གི་འབྲེལ་ལམ་ཧ་ཅང་སྡུག་པའི་སྐབས་ཡིན་པ་དང་། ཕན་ཚུན་ཕོག་ཐུག་དང་ཁ་རྡུང་གཏོང་རེས་བྱེད་རྐྱང་གི་དུས་ཚོད་ཅིག་ཏུ་ཁེལ་ཡོད། ཅིག་བྱས་ན་འདི་ཡང་དུས་ཡུན་རིང་པོ་མ་ཡིན་པར་གནས་སྐབས་ཀྱི་ཁེ་ཕན་ཆུང་ངུ་རེའི་ཆེད་དུ་ཡིན་སྲིད་ལ། མ་འོངས་པར་ཕྱོགས་གཉིས་ཀའི་ཁེ་ཕན་ཆུང་ངུ་རེའི་ཆེད་ད་ལྟ་རྣོ་ངར་དང་ལྡན་པའི་ཚོར་བ་དེ་དག་ཀྱང་རིམ་པས་ཞི་འཇམ་དུ་གཏོང་སྲིད་པ་རེད། བོད་པའི་ངོས་ནས་ཀྱང་དེ་ལུགས་ཆབ་སྲིད་ཀྱི་ཐོག་ནས་ཁེ་ཕན་གང་ཡོད་ལེན་ཐུབ་དགོས།

དཔེར་ན་ཉེ་ཆར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་བོད་དང་རྒྱ་གར་གྱི་ས་མཚམས་ཤིག་ཡོད་པ་ལས། རྒྱ་ནག་དང་མཉམ་དུ་ས་མཚམས་ཤིག་མེད་ཅེས་བརྗོད་པ་དེ་ད་ལྟའི་ཆར་རྒྱ་གར་གཞུང་འཛིན་ཚོགས་པའི་མི་སྣ་རྒྱ་གར་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་གི་བཀའ་མོལ་ཡིན་སྟབས། གནས་སྐབས་ཀྱི་ཚོར་སྣང་ཙམ་གང་བྱུང་ཁ་ནས་ཐོན་པ་ཞིག་གཏན་ནས་མ་ཡིན་པར། གཞུང་གི་བསམ་བློ་དང་འཆར་གཞི་ལྡན་པའི་ཐོག་ནས་བརྗོད་པ་ཞིག་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད། ད་ཆ་༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེ་རུ་ཆིབས་བསྒྱུར་བསྐྱངས་པའི་གནད་དོན་དེར་སྔོན་ཆད་ལས་ཀྱང་ལྷག་པར་རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་གིས་དོ་སྣང་བྱས་སོང་བ་དང་། དོ་སྣང་བྱེད་སྟངས་དེ་ཡང་སྔོན་དང་མི་འདྲ་བར་གནས་ཚུལ་མང་པོ་ཞིག་བོད་དོན་ལ་མཚོན་ན་དྲང་ཕྱོགས་ནས་བེད་སྤྱོད་བཏང་སོང་། གནས་ཚུལ་འདི་ལྟ་བུ་བོད་པའི་ངོས་ནས་ཀྱང་གནས་སྐབས་ཀྱི་ཚོར་བ་ཙམ་མ་ཡིན་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གམ་ཟིན་ཐོ་གསར་པ་ཞིག་ཏུ་ངོས་འཛིན་བྱས་ཀྱང་མི་འགྲིག་པ་གཏན་ནས་མེད།

མ་འོངས་པར་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ནང་དུའང་བོད་དོན་གལ་གནད་ཆེན་པོར་སླེབས་སྲིད་པ་མ་ཟད། ཉེ་ཆར་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་སྐབས་གྲུབ་འབྲས་གང་ཡང་མ་བྱུང་ཞེས་ཨ་རིའི་སྲིད་འཛིན་གྱིས་བརྒྱུད་ལམ་ཁག་ཏུ་བརྗོད་པ་དེར་ཡང་རྒྱུ་མཚན་དང་རྒྱབ་ལྗོངས་ཆེན་པོ་ཞིག་ཡོད་ངེས་རེད། མ་འོངས་པར་ཨ་རྒྱ་གཉིས་དང་། ཡུ་རོབ་དང་རྒྱ་ནག་གི་དབར་འབྲེལ་བ་སྡུག་ཏུ་སོང་ན་རང་བཞིན་གྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་རུ་འགྲོ་ངེས་ཤིང་། བོད་པའི་ངོས་ནས་ཀྱང་སྐབས་དུས་སོ་སོར་གོ་སྐབས་དམ་འཛིན་གྱིས་རྒྱབ་སྐྱོར་འཚོལ་ཐབས་དང་། བོད་དོན་རྒྱབ་སྐྱོར་གྱི་རྣམ་འགྱུར་ཡིག་ངག་གཉིས་ཐོག་ནས་ཤུགས་ཆེ་རུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པའི་དུས་ལ་བབ་ཡོད། མི་མང་པོ་ཞིག་གིས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཁོ་ན་ལས་མི་མཁོ་ཚུལ་བརྗོད་ཀྱང་། ཆབ་སྲིད་ཀྱི་ནང་དུ་དུས་ནམ་ཡང་གྲོགས་པོ་ཞིག་མེད་ལ། དུས་ནམ་ཡང་དགྲ་བོ་ཞིག་ཀྱང་མེད། དེར་བརྟེན་དགོས་མཁོ་ལ་གཞིགས་པའི་འགྱུར་བ་དེ་དག་ཡོང་ངེས་པར་བོད་པའི་ངོས་ནས་ཀྱང་དེ་ལུགས་ཀྱི་ཐབས་ལམ་འཚོལ་དགོས།

མདོར་ན་གཞན་གྱིས་ང་ཚོ་བེད་སྤྱོད་བྱེད་པ་ལྟར། ང་ཚོས་ཀྱང་གོ་སྐབས་དེ་དམ་འཛིན་གྱིས་སྟོབས་ཆེན་རྒྱལ་ཁབ་ཁག་བེད་སྤྱོད་གཏོང་ཐུབ་པ་ཞིག་བྱས་ནས་བོད་དོན་ལ་འགྱུར་བ་གཏོང་རྒྱུའི་རེ་བ་རྒྱག་དགོས། བེད་སྤྱོད་གཏོང་རེས་དང་ཁེ་ཕན་ལེན་རེས་དགོས་པ་དེ་དེང་དུས་འཁྲུག་ཆ་ཆེ་བའི་ཆབ་སྲིད་ཀྱི་དམག་འཁྲུག་ནང་གི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་ལ། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཀྱང་དེ་ལྟར་གོམ་པ་སྤོ་མ་ཐུབ་ན། དུས་རབས་ཉེར་གཅིག་པའི་ཆབ་སྲིད་ཀྱི་དམག་འཁྲུག་འདིའི་ནང་བོད་དོན་ནི་དུས་ནམ་ཡང་གོ་ཚོར་མེད་པ་ཞིག་ཏུ་འགྱུར་ངེས་རེད། ད་ལྟའི་ཆར་བོད་དོན་དེ་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་རྩེད་མོའི་ནང་བེད་སྤྱོད་ཙམ་ཡོད་པ་དེ་ཡང་བོད་པའི་བྱས་རྗེས་ཡིན་པ་དང་། འགྱུར་འགྲོས་དང་བསྟུན་ནས་གོམ་པ་སྤོ་མ་ཐུབ་ན་མ་འོངས་པར་བོད་པས་རྒྱལ་སྤྱིའི་ཁ་ཕྱོགས་དང་བསྟུན་ནས་ཁེ་ཕན་ལེན་མི་ཐུབ་པ་མ་ཟད། རྒྱལ་ཁབ་ཁག་གིས་བོད་དོན་ཁོ་རང་ཚོའི་ཁེ་ཕན་གྱི་ཆེད་དུ་བེད་སྤྱོད་ཙམ་ཡང་གཏོང་མི་ལོ་བའི་དུས་ཚོད་ཅིག་ཤར་ན་དེ་དུས་བོད་དོན་ནི་རྦད་དེ་ཤི་བ་རེད།།