གོ་སྟོན་ལག་སྤོལ་འགྲན་བསྡུར་ཞིག་དྷ་ས་གངས་སྐྱིད་སིལ་སྤོལ་ཐང་དུ་གོ་སྒྲིག་ཞུས་འདུག
༧གོང་ས་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པ་སོགས་དུས་ཆེན་གཉིས་བརྩིགས་དང་བསྟུན། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྟོན་ལག་སྤོལ་འགྲན་བསྡུར་ཞིག་དྷ་ས་གངས་སྐྱིད་སིལ་སྤོལ་ཐང་དུ་གོ་སྒྲིག་ཞུ་བཞིན་འདུག ཐེངས་འདིའི་རྩེད་འགྲན་ནང་སིལ་སྤོལ་རུ་ཁག་བཅུ་བཞི་ནས་གཞོན་སྐྱེས་༡༢༠ ཙམ་མཉམ་ཞུགས་གནང་ཡོད་འདུག

ཟླ་འདིའི་ཚེས་༡༨ ཉིན། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག དྷ་ས་གངས་སྐྱིད་སིལ་སྤོལ་ཐང་དུ་གོ་སྟོན་ལག་སྤོལ་འགྲན་བསྡུར་༼GHOTON CUP ༽ ཞིག་གོ་སྒྲིག་ཞུས་སོང་ལ། སིལ་སྤོལ་འགྲན་བསྡུར་དེ་དང་འབྲེལ། འདི་གའི་གསར་འགོད་པས་རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་ཕྱི་ལོ་༢༠༢༥ ལོ་འདི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པ་རྒྱ་གར་དུ་དབུ་བརྙེས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་ལོ་ཞིག་ཡིན་པ་དང། ལྷག་པར་དུ་༧གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་ཆགས་ཀྱི་ཡོད་བ་བཅས་དུས་ཆེན་གཉིས་བརྩིགས་དང་བསྟུན། གོ་སྟོན་ལག་སྤོལ་འགྲན་བསྡུར་དེ་གོ་སྒྲིག་ཞུ་བཞིན་ཡོད་ཅེས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་མང་པོ་ཞིག་གཞོན་སྐྱེས་ཆགས་ཀྱི་ཡོད་དུས་གཞོན་སྐྱེས་མང་པོ་མཉམ་དུ་བསྐོང་ཆེད་རྩེད་འགྲན་དེ་ཟླ་འདིའི་ཚེས་༡༨ ནས་༢༥ ་བར་གོ་སྒྲིག་ཞུ་བཞིན་ཡོད་པར་གསུངས་བྱུང་།
ཐེངས་འདིའི་རྩེད་འགྲན་གྱི་ནང་དུ་། གངས་ཅན་པ་དང་ལྷག་དཀར་རུ་ཁག ཐུ་བྷོད་དང་སྦིར་ཅོན་ཏ་ར་རུ་ཁག་སོགས་བུའི་རུ་ཁག་༡༡ དང་བུ་མོའི་རུ་ཁག་༣ ནས་གཞོན་སྐྱེས་ཁྱོན་བསྡོམས་༡༢༠ ཙམ་མཉམ་ཞུགས་གནང་ཡོད་འདུག བསྟན་འཛིན་པ་སངས་ལགས་ཀྱིས་བུའི་རུ་ཁག་ཁྲོད་ནས་རྩེད་འགྲན་གྱི་རྒྱལ་ཁ་ཐོབ་མཁན་ཨང་དང་པོ་ལ་བྱ་དགའ་ཧིན་སྒོར་སྟོང་ཕྲག་༢༣ ཙམ་དང་། ཨང་གཉིས་པ་ལ་སྟོང་ཕྲག་༡༧ ཙམ་ཡོད་པ་ངོ་སྤྲོད་གནང་བྱུང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།