གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་ཆེས་མཐོའི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཚེས་༢༤ ཉིན་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་གྱི་གོ་སྒྲིག་འོག་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་རྫོང་དཔོན་ཧེ་མ་རཱཇ་བེ་ཝར་བཱ་ (Hemraj Bairwa) ལགས་དང་། རྫོང་དཔོན་གཞོན་པ་སོའོ་རཱ་བྷེ་ཇཱ་སལ་(Saurabh Jassal) ལགས། སྐུ་ཞབས་ཧ་རེས་གྷ་ཇུ་(Harris gaju) དང་སྐུ་ཞབས་སན་ཇི་ཨིབ་བྷོཊ་(Sanjeev bhott) ་བཅས་ལ་མཇལ་ཁ་བསྩལ་འདུག

སྐབས་དེར་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་མྱོང་ཚོར་དང་འབྲེལ་རྒྱ་གར་ནི་མགོན་པོ་གང་ཉིད་གཏན་སྡོད་ཀྱི་ཁྱིམ་གཞིས་ཡིན་པ་དང་། ལྷག་པར་དུ་རྡ་རམ་ས་ལའི་མཛེས་སྡུག་གིས་འཛམ་གླིང་གང་ས་ནས་ཕེབས་པའི་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་གི་ཡོད་པ་དང་། ཚན་རིག་པའི་སྤྱི་ཚོགས་ཁྲོད་ནང་པའི་ལྟ་གྲུབ་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་སྐོར་སོགས་གསུངས་ཡོད་འདུག

གཞན་ཡང་། ཟླ་འདིའི་ཚེས་༢༥ ་ཉིན་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་རིགས་གཙོས་པའི་ནང་པའི་རྗེས་འབྲང་བ་༣༠ ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཆོག་བསྩལ་ཡོད་འདུག

གཞན་ཡང་དགའ་ལྡན་ཕོ་བྲང་གི་དྲྭ་རྒྱའི་ཐོག་གི་མཛད་རིམ་ལྟར་ན། ཟླ་འདིའི་ཚེས་༣༠ ་ཉིན་གྱི་སྔ་དྲོར་༧གོང་ས་མཆོག་གིས་ཐའེ་ཝན་དད་ལྡན་ཆོས་ཞུ་བ་རྣམས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བཀའ་དྲིན་བསྩལ་རྒྱུ་དང་། ཕྱི་ཟླ་༡༠ ཚེས་༡ ་ཉིན་གྱི་སྔ་དྲོ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་རེད་འདུག།

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།