གོད་ཆག་འོག་བོད་ཀྱི་ཆིག་སྒྲིལ།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༣༡ གི་ཆེད་བརྗོད།)
ཉེ་ཆར་ཕྱི་ལོ་༢༠༢༥ ཟླ་༡ ཚེས་༧ ཉིན་གྱི་ཞོགས་པ་བོད་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁོངས་གཏོགས་དིང་རི་རྫོང་དང། ལྷ་རྩེ་རྫོང་སོགས་སུ་ས་ཡོམ་གྱི་གནོད་སྐྱོན་བྱུང་ནས་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཧ་ཅང་ཆེན་པོ་ཕོག་པར། བོད་མདོ་དབུས་ཁམས་གསུམ་ནས་ལྷག་བསམ་ཅན་གྱི་མི་སྣ་མང་པོ་ཞིག་ཡུལ་དངོས་སུ་སོང་ནས་རོགས་སྐྱོར་བྱེད་མཁན་གྲངས་ལས་འདས་པ་ཞིག་འདུག ལ་སྟོད་དིང་རི་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་ཉེ་འགྲམ་བལ་བོད་ཀྱི་མཐའ་མཚམས་སུ་ཆགས་ཤིང། གནམ་གཤིས་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པའི་ས་ཁུལ་ཞིག་ཡིན་ནའང། བོད་མདོ་དབུས་ཁམས་གསུམ་ནས་དགོན་སྡེ་ཁག་དང། གཞས་པ། དྲ་གྲགས། ཚོང་པ་སོགས་ཀྱིས་ཟོང་འདྲེན་རླངས་འཁོར་ཆེན་པོ་དག་བར་མ་ཆད་པར་གྲལ་བསྒྲིགས་ནས་རོགས་སྐྱོར་བྱེད་པར་སླེབས་ཏེ། གུར་དང། ཟས་གོས། རྡོ་སོལ་དང་ལྕགས་ཐབ། མེ་ཤིང། དངུལ་རྐྱང་ལག་འགྱེད་བྱེད་པ་སོགས་སྔར་མཐོང་མ་མྱོང་བ་མང་པོ་ཞིག་མིག་མདུན་དུ་བྱུང་བ་ནི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཏུ་གྱུར་ཡོད།
དེ་སྔོན་ཡུལ་ཤུལ་ས་ཡོམ་ལ་མཚོན་ནའང་བོད་མི་རྣམས་ཀྱིས་སེམས་ཁུར་དང་རོགས་སྐྱོར་རླབས་ཆེན་ཧ་ཅང་མང་པོ་ཞིག་བྱས་ཡོད་ནའང། ད་ལྟ་ལ་སྟོད་དིང་རིའི་ས་ཡོམ་དང་བསྡུར་ན་བོད་ས་སྟོད་སྨད་བར་གསུམ་གང་ས་ནས་ཡོངས་ཁྱབ་དེ་ལྟ་བུ་བྱུང་མེད་པས། ད་ལྟའི་གནས་སྟངས་འདི་ནི་རྣམ་པ་གསར་པ་དང་ཁ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད། དུས་རབས་ཉེར་གཅིག་པ་ནི་དྲ་རྒྱའི་དུས་རབས་སུ་གྱུར་ཡོད་པས། འཛམ་གླིང་ཧྲིལ་པོའི་བདེ་སྡུག་གི་གནས་སྟངས་དུས་ཚོད་རེ་རེ་དང་སྐར་མ་རེ་བྱས་ནས་ཤེས་རྟོགས་ཐུབ་པ་བཞིན། བོད་ནང་གི་གནས་སྟངས་ཀྱང་སྟོད་མངའ་རིས་སྐོར་གསུམ་ནས། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་ས་གནས་གང་དུ་གོད་ཆག་ཅིག་བྱུང་ནའང་ལམ་སེང་ཕན་ཚུན་ཤེས་རྟོགས་ཐུབ་པ་ནི་དུས་རབས་ཀྱི་འཕེལ་ཕྱོགས་གསར་པ་ཡིན་ལ། གོད་ཆག་འདི་ལྟ་བུའི་འོག་ཏུ་ཆིག་སྒྲིལ་བྱེད་ཐུབ་པ་དེ་ནི་དུས་རྒྱུན་དགྲ་ཕྱོགས་ནས་དབྱེ་འབྱེད་དང་གནོན་ཤུགས་མཐོང་ཆུང་ཧ་ཅང་ཆེ་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བ་ཞིག་རེད།
བོད་ནང་གི་སྔ་རྗེས་ཀྱི་གནས་སྟངས་དངོས་སུ་མཐོང་ཡོང་དུས་རྒྱ་དམར་དྲག་པོའི་གཞུང་གིས་མི་ལོ་བདུན་ཅུ་མ་ཟིན་ཙམ་གྱི་རིང་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་ག་འདྲ་ཞིག་བཏང་ཡང། བོད་མི་རིགས་ཀྱི་འདུ་ཤེས་དང། རིག་གནས་ཀྱི་འདུ་ཤེས། གཅིག་གྱུར་གྱི་འདུ་ཤེས་བཅས་ཆེ་རུ་འགྲོ་བ་ལས་ཆུང་དུ་གཏན་ནས་སོང་མེད་པ་དེ་ནི་ཕྱོགས་གཅིག་ནས་རྒྱ་དམར་གཞུང་ལ་ཞེད་སྣང་ཞིག་ཏུ་གྱུར་ཡོད་ངེས་རེད། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་བཙན་བྱོལ་བོད་གཞུང་གི་ཁ་ཕྱོགས་ལངས་ཕྱོགས་དང། ལྷག་པར་དུ་ད་ལྟའི་དུས་སུ་བཙན་བྱོལ་བོད་མིའི་བསམ་བློའི་ཁ་ཕྱོགས་སོགས་གང་ཐད་ནས་རྒྱ་གཞུང་གིས་ཉེན་ཁ་ཞིག་ཏུ་གཏན་ནས་མཐོང་གི་མེད་ཀྱང། གཞིས་བཞུགས་བོད་མིའི་བསམ་བློའི་ཁ་ཕྱོགས་དང་བྱེད་སྟངས་ལ་བལྟས་ཡོང་དུས་རྒྱ་དམར་གཞུང་གིས་བོད་ས་སྟོད་སྨད་བར་གསུམ་དུ་ཕྱིའི་རྣམ་པ་ཙམ་དུ་གདུག་རྩུབ་དྲག་གནོན་གྱི་ཐོག་ནས་སྟངས་འཛིན་ཐུབ་ཡོད་ཀྱང། ནང་བསམ་བློའི་ཐོག་ནས་སྟངས་འཛིན་གཏན་ནས་ཐུབ་མེད་པའི་ར་སྤྲོད་གསལ་པོ་ཞིག་བྱས་པ་རེད།
ད་ལྟ་བོད་ཕྱི་ནང་གཉིས་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་སོང་ཡོད་པས། མ་འོངས་པའི་བོད་དོན་ཆབ་སྲིད་ཐོག་ནས་གཞི་རྩ་གཙོ་བོ་བོད་ནང་གི་དགོས་འདུན་དང་དམིགས་ཡུལ་གཙོ་བོར་འཛིན་དགོས་པ་ལས། བཙན་བྱོལ་བོད་མིའི་བསམ་ཚུལ་དང་རེ་འདུན་གཙོ་བོར་བཟུང་ནས་ཐག་གཅོད་བྱེད་ཆོག་ཆོག་ཅིག་ཡིན་མིན་ཡང་གདེང་ཚོད་ཆུང་དུ་འགྲོ་བཞིན་པའི་ཚོར་སྣང་འདུག། རྩ་བས་སྨྲ་བརྗོད་རང་དབང་གཏན་ནས་མེད་པའི་གཞིས་བཞུགས་བོད་མི་རྣམས་ཀྱི་མགྲིན་ཚབ་པ་ཡིན་པའི་གནས་སྟངས་ལ་འགྱུར་བ་སོང་མེད་ཀྱང། གཞིས་བཞུགས་བོད་མིའི་ཁ་ཕྱོགས་དང་དམིགས་ཡུལ་ཐོག་བཙན་བྱོལ་བོད་མི་རྣམས་ཏག་ཏག་ཅིག་བསྐྱོད་མ་ཐུབ་ན་མགྲིན་ཚབ་པ་ཡིན་པའི་སྤོབས་པ་དེ་ཡང་བྱེད་འོས་མིན་ད་ལྟ་ཐེ་ཚོམ་གཏན་ནས་མེད་པ་ཞིག་ག་ལ་ཡིན། ༧གོང་ས་མཆོག་ཞལ་བཞུགས་སྐབས་ཁ་ཕྱོགས་དེ་མུ་མཐུད་བཟུང་བར་དོན་ལ་མི་གནས་པ་མེད་ཀྱང། དེའི་རྗེས་སུ་ག་རེ་ཡོང་སྲིད་མིན་དང་ག་རེ་བྱེད་དགོས་མིན་སྐོར་ད་ལྟ་ནས་གྲ་སྒྲིག་འཐུས་ཚང་ཞིག་བྱེད་དགོས་ངེས་རེད།
མདོར་ན་བོད་ནང་དུ་རང་བྱུང་གི་གོད་ཆག་ཆེན་པོ་རེ་བྱུང་དུས་སེམས་སྐྱོ་དགོས་པའི་གནས་ཚུལ་མང་པོ་ཡོད་པ་སྨྲོས་མེད་ཡིན་ལ། བོད་ནང་གི་བོད་མི་དག་གིས་ཕན་ཚུན་ཁ་ཡོད་ལག་ཡོད་ཀྱིས་རོགས་རམ་བྱེད་སྟངས་དང། ཁ་ཙམ་མ་ཡིན་པར་དོན་དམ་པའི་སྐྱིད་སྡུག་མཉམ་མྱོང་བྱེད་སྟངས་དེ་མཐོང་ཡོང་དུས། རྒྱ་དམར་གཞུང་གི་གདུག་རྩུབ་དང་དྲག་གནོན་ལ་དེ་ཙམ་གྱིས་ནུས་པ་ཐོན་མེད་པ་དང། མ་འོངས་པར་རྒྱ་དམར་གཞུང་གི་སྒྲིག་འཛུགས་འཐོར་ཞིག་འགྲོ་སྐབས་བོད་པའི་ངོས་ནས་ཀྱང་གྲ་སྒྲིག་དང་གོ་སྐབས་དམ་འཛིན་ཐུབ་པའི་འཆར་གཞི་འཐུས་ཚང་ཞིག་ཡོད་ན། བོད་ནང་གི་བསམ་བློ་དང་འདུ་ཤེས་གང་ཐད་ནས་རེ་བ་ཆེན་པོ་ཡོད་པ་དེ་གསལ་པོ་རེད། འདས་པའི་ལོ་རྒྱུས་ནང་བོད་ལ་ཆིག་སྒྲིལ་མེད་པ་དང། ཕན་ཚུན་གྱི་གནས་སྟངས་ལ་རྒྱུས་མངའ་གཏན་ནས་མེད་པས་རྒྱ་དམར་གཞུང་གིས་དཀའ་ཚེགས་ཆེན་པོ་མི་དགོས་པར་བོད་ཡོངས་རྫོགས་ཁྱུར་མིད་བཏང་ནའང། ད་ལྟའི་ཆར་ཤེས་ཡོན་དང་བློ་སྟོབས་གང་ཐད་ནས་བོད་ནང་དུ་རེ་བ་ཆེན་པོ་འདུག།།