གྲ་སྒྲིག་མེད་པའི་ཊོམ་གྱི་སྲིད་གཞུང་།
ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཊོམ་ཟླ་འདིའི་ཚེས་༢༠ ཉིན་ཝ་ཤིན་ཀྲོན་ཏུ། ཁོང་ཨ་རིའི་སྲིད་འཛིན་༤༥ པར་འདེམས་ཐོན་བྱུང་བའི་དམ་འབུལ་མཛད་སྒོའི་ཆེད་འབྱོར་ཡོད་ཀྱང་། ཁོང་གི་སྲིད་གཞུང་གི་མཐོ་རིམ་ལས་བྱེད་མང་པོ་ཞིག་འདེམས་བསྐོ་བྱས་ཟིན་མེད་པས། ཨོ་བྷ་མའི་སྲིད་གཞུང་སྐབས་ཀྱི་ལས་བྱེད་མང་པོ་ཞིག་གིས་མུ་མཐུད་ལས་ཁུར་བྱེད་རྒྱུར་ཐག་གཅོད་བྱུང་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་གྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་སྐུ་ཞབས་ཊོམ་གྱིས་ཨོ་བྷ་མའི་སྲིད་གཞུང་སྐབས་ཀྱི་མཐོ་རིམ་ལས་བྱེད་ཚང་མ་འཕོ་འགྱུར་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། དམ་འབུལ་གྱི་མཛད་སྒོ་དངོས་གཞི་མ་འཚོགས་པའི་ཉིན་གཅིག་སྔོན་ལ། སྐུ་ཞབས་ཊོམ་གྱིས་ཨ་རིའི་དབུས་སྲིད་གཞུང་གི་ལས་བྱེད་བསྐོ་གཞག་དགོས་མཁོའི་ཁ་གྲངས་༦༦༠ ལས་མི་གྲངས་༢༩ མ་གཏོགས་ཀྱི་མིང་འདོན་བྱས་མེད་པ་དང་། དེ་བཞིན་སྐུ་ཞབས་ཊོམ་གྱིས་ཨ་རིའི་བློན་ཆེན་ལྷན་ཚོགས་ཀྱི་འོས་མི་མིང་འདོན་བྱས་པ་༡༥ ལས། མི་༢ མ་གཏོགས་ད་ལྟའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ལྷན་ཚོགས་ཀྱིས་མང་མོས་འདེམས་ཐོན་བྱས་མེད་པ་རེད་འདུག་པས། ཨོ་བྷ་མའི་སྲིད་གཞུང་སྐབས་ཀྱི་མཐོ་རིམ་ལས་བྱེད་༥༠ ལ་ལས་ཁུར་མུ་མཐུད་བྱེད་རོགས་ཞུས་ཡོད་འདུག
དེ་བཞིན་སྲིད་འཛིན་དམ་འབུལ་གྱི་དངོས་གཞིའི་མཛད་སྒོར། ཨ་རིའི་ནང་གི་གློག་བརྙན་འཁྲབ་སྟོན་པ། གཞས་པ། ཆབ་སྲིད་པ་སོགས་མང་པོ་ཞིག་གིས་ངོ་རྒོལ་ཆེད་མཉམ་ཞུགས་བྱ་རྒྱུ་མིན་པ་རེད་འདུག་པ་དང་། ཉིན་དེར་མང་གཙོ་ཚོགས་པའི་རྒྱབ་སྐྱོར་བ་སོགས་ལས་འགུལ་བ་མང་པོ་ཞིག་གིས་ཊོམ་ལ་ངོ་རྒོལ་གྱི་ལས་འགུལ་ཁྱབ་ཆེན་སྤེལ་རྒྱུ་ཡིན་པ་རེད་འདུག་ཀྱང་། སྐུ་ཞབས་ཊོམ་གྱིས་སང་ཉིན་སྐད་གྲགས་ཅན་གྱི་མི་མཉམ་ཞུགས་བྱེད་མིན་དང་། གནམ་གཤིས་ཡག་པོ་སྟོན་མིན་ཁྱད་པར་མེད་ཁར། གལ་ཆེ་ཤོས་ནི་མི་མང་གི་མཉམ་ཞུགས་དེ་ཡིན་སྐོར་བརྗོད་ཡོད་འདུག
ཁོང་གི་དམ་འབུལ་མཛད་སྒོར་ཨ་སྒོར་ས་ཡ་༢༠༠ ལྷག་འགྲོ་སོང་འགྲོ་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།