གྲངས་ཉུང་མི་རིགས་རྣམས་རྒྱ་གར་མི་སེར་ལག་ཁྱེར་བཟོ་རྒྱུའི་ཐོབ་ཐང་དང་དེ་ལ་རྙོག་གླེང་།

ཕྱི་ལོ་༢༠༡༩ ནང་རྒྱ་གར་གཞུང་གིས་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་གི་ནང་དུ་མནར་གཅོད་མྱངས་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་དག་ལ། རྒྱ་གར་གྱི་མི་སེར་ལག་ཁྱེར་སྤྲོད་ཕྱོགས་ཀྱི་ཁྲིམས་འཆར་ཞིག་རྒྱ་གར་གྱི་གྲོས་ཚོགས་ནང་སླེབས་པར་བརྟེན། རྒྱ་གར་གྱི་མི་མང་ཕོན་ཆེན་གྱིས་ངོ་རྒོལ་དང་མི་འདོད་པའི་རྣམ་པ་ཤུགས་ཆེན་བསྟན་པའི་རྐྱེན་གྱིས་གནས་སྐབས་བཀག་ཡོད་ཀྱང་།   ད་ཆར་ཁྲིམས་འཆར་དེ་ཁྲིམས་ཆགས་ནས་ལག་བསྟར་འགོ་འཛུགས་བྱེད་ཀྱི་ཡོད་འདུག 

པར། REUTERS

ཕྱི་ལོ་༡༣ ཉིན་རྒྱ་གར་གྱི་གསར་ཁང་ཆེ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་༢༠༡༩ ལོ་(Citizenship Amendement Act)མི་སེར་ལག་ཁྱེར་ཁྲིམས་འཆར་ཟེར་བ་དེའི་དམིགས་ས་གཙོ་བོ་ནི་རྒྱ་གར་གྱི་ཉེ་འཁོར་དུ་ཡོད་པའི་རྒྱལ་ཁབ་པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན། བྷང་ལ་དྷེ་ཤེ་བཅས་ནས་མནར་གཅོད་མྱངས་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ཡེ་ཤུ་དང་། ནང་པ། སིག ཧིན་དཱུ། གཅེར་བུ་པ། པར་སིག་རྣམས་ཀྱི་ཆོས་ལུགས་རྗེས་འབྲང་པ་དག་ལ་རྒྱ་གར་མི་སེར་ལག་ཁྱེར་བཟོ་རྒྱུའི་ཆོག་མཆན་སྤྲོད་རྒྱུ་དེ་ཡིན་འདུག འོན་ཀྱང་། ཆོས་ལུགས་དེ་དག་གི་ནང་ཁ་ཆེའི་ཆོས་ལུགས་རྗེས་འབྲང་པ་ཚོ་ཚུད་མེད་པར་བརྟེན། དེ་སྔོན་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་གྱི་ཡོད་པ་སོགས་མི་མང་ཁྲོད་ངོ་རྒོལ་རྒྱ་ཆེན་བྱེད་ཀྱི་ཡོད་འདུག་པ་དང་། མི་མང་འགའ་ཤས་ཀྱི་ཚེ་སྲོག་ཀྱང་ཤོར་ཡོད་འདུག  རྒྱུ་མཚན་ནི་རྒྱ་གར་གྱི་རྩ་ཁྲིམས་ནང་(secular)ཆོས་ལུགས་རིས་མེད་ཅེས་འཁོད་ཡོད་པའི་རྐྱེན་གྱིས་ཁྲིམས་འཆར་དེ་རྒྱ་གར་གྱི་རྩ་ཁྲིམས་དང་འགལ་ཡོད་པ་སོགས་ཀྱིས་མི་མང་ཁྲོད་ངོ་རྒོལ་རྒྱ་ཆེན་བྱས་པས་གནས་སྐབས་བཀག་ཡོད་ཀྱང་། འདི་ལོར་ཁྲིམས་འཆར་དེ་ཁྲིམས་ཆགས་ནས་ལག་བསྟར་བྱེད་རྒྱུ་ཡིན་འདུག རྒྱ་གར་གྱི་རྩ་ཁྲིམས་ནང་ཆོག་མཆན་མེད་པར་ཕྱི་མི་རྒྱ་གར་ནང་ཡོང་བ་དང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་པ། དུས་ཚོད་རྫོགས་པ་སོགས་བྱུང་ཚེ་ཁྲིམས་འགལ་ཆགས་ཀྱི་ཡོད་པར་བརྟེན། དེ་རིགས་རྒྱ་གར་གྱི་བཙོན་དུ་འཇུག་རྒྱུ་དང་རང་གི་རྒྱལ་ཁབ་ལ་ཕྱིར་ལོག་འཇུག་རྒྱུ་སོགས་འཁོད་པའི་ཁྲིམས་དེ་ལོ་ངོ་༦༤ རྗེས་སུ་མེད་པ་བཟོས་ཟིན་ཡོད་འདུག 

དེ་སྔོན་ཁྲིམས་དེའི་ནང་ཁ་ཆེ་མ་ཡིན་པའི་ཆོས་ལུགས་གཞན་གྱི་གང་ཟག་སུ་འདྲ་ཞིག་ཡིན་ཡང་རྒྱ་གར་ནང་སྡོད་པ་དང་ལས་ཀ་བྱས་ནས་མི་ལོ་༡༡ འདས་ཟིན་ན་རྒྱ་གར་གྱི་མི་སེར་ལག་ཁྱེར་བཟོ་རྒྱུའི་ཆེད་དུ་སྙན་ཞུ་འབུལ་ཆོག་གི་ཡོད་འདུག ད་ལྟའི་ཁྲིམས་འཆར་དེའི་ནང་པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན། བྷང་ལ་དྷེ་ཤེ་བཅས་ནས་ཡིན་པའི་གོང་གསལ་ཆོས་ལུགས་དྲུག་པོའི་རྗེས་འབྲང་པ་རྣམས་རྒྱ་གར་ནང་བསྡད་ནས་ལོ་དྲུག་འདས་ཟིན་ན་མི་སེར་ལག་ཁྱེར་བཟོ་ཆེད་སྙན་ཞུ་འབུལ་ཆོག་གི་ཡོད་འདུག 

ད་ལྟའི་ཁྲིམས་དེ་རྩོད་རྙོག་རང་བཞིན་ཅན་ཞིག་ཆགས་དགོས་དོན་ནི་རྒྱ་གར་གྱི་རྩ་ཁྲིམས་ནང་མི་ཚང་མས་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཟེར་བ་དེ་དང་མཐུན་གྱི་མེད་པ་དང་། ཆོས་ལུགས་རིས་མེད་ཟེར་བའི་རྩ་ཁྲིམས་ཀྱི་ལྟ་གྲུབ་དང་འགལ་གྱི་ཡོད་པ་སོགས་རྗོད་ཀྱི་ཡོད་འདུག ལྡི་ལིའི་ནང་ཡོད་པའི་ཁྲིམས་རྩོད་པ་(Gautam Bhatia)ཁོང་གིས་བརྗོད་དོན་ལ། ད་ལྟའི་ཁྲིམས་དེ་ཡིས་ཆོས་ལུགས་ལ་གཞི་བཅོལ་ནས་ཁ་ཆེ་དང་ཁ་ཆེ་མ་ཡིན་མཁན་གཉིས་བར་དབྱེ་འབྱེད་བྱེད་ཀྱི་འདུག་པས་རྒྱ་གར་གྱི་རྩ་ཁྲིམས་དང་མཐུན་གྱི་མི་འདུག ལོ་རྒྱུས་སྨྲ་བ་(Mukul Kesavan)ཟེར་བ་ཁོང་གིས་ཐེངས་འདིའི་ཁྲིམས་དེའི་ནང་གཙོ་བོ་གོང་གསལ་རྒྱལ་ཁབ་གསུམ་ནས་ཡོང་བའི་ཆོས་ལུགས་དྲུག་པོ་དེ་དག་གི་རྗེས་འབྲང་པའི་སྐྱབས་བཅོལ་བ་དག་ལ་དམིགས་ཡོད་ཚུལ་རྗོད་ཀྱི་ཡོད་ཀྱང་། དོན་ལ་ཁ་ཆེ་རྣམས་ཀྱི་མི་སེར་ལག་ཁྱེར་རྩིས་མེད་གཏོང་རྒྱུ་ཡིན་འདུག གལ་སྲིད་དོན་དམ་པའི་ཆོས་ལུགས་གྲངས་ཉུང་མི་རིགས་ཤིག་ལ་དམིགས་ཀྱི་ཡོད་ན། པ་ཀི་སི་ཐན་ནང་མྱོང་བཞིན་པའི་(Agmadis)དང་འབར་མའི་ནང་མྱོང་བཞིན་པའི་(Rohingysa )སོགས་ལ་ལྟ་རྟོགས་ག་རེ་བྱས་ནས་བྱེད་ཀྱི་མེད་པ་རེད་ཅེས་བརྗོད་འདུག ཁྲིམས་དེ་དང་འབྲེལ་ནས་སྦེ་ཇི་སྦིའི་སྲིད་དོན་ཚོགས་པའི་འགོ་ཁྲིད་རྒན་པ་(Ram Madhavཟེར་བ་དེ་ཡིས་བརྗོད་དོན་ལ། འཛམ་བུ་གླིང་འདིའི་ནང་ཁྲིམས་མཐུན་མ་ཡིན་མཁན་མི་སུ་འདྲ་ཞིག་ཡིན་ཡང་རྒྱལ་ཁབ་ནང་ཡོང་འཇུག་གི་མ་རེད། གཞུང་གིས་ཆོག་མཆན་སྤྲད་པ་དག་ལ་མི་སེར་ཆགས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་རེད་ཟེར། (Swarajaya)ཟེར་བའི་དུས་དེབ་གཅིག་གི་རྩོམ་སྒྲིག་པ་(R Rajannathan)ཟེར་བ་དེས་ཁ་ཆེ་ལ་མི་སེར་བཟོ་རྒྱུའི་ཐོབ་ཐང་མི་སྤྲོད་པའི་རྒྱུ་མཚན་བཤད་དོན་ལ། པ་ཀི་སི་ཐན་དང་། ཨབ་གྷ་ནི་སི་ཐན། བྷང་ལ་དྷེ་ཤེ་བཅས་ཀྱི་རྒྱལ་ཁབ་དེ་དག་ནི་ཁ་ཆེའི་རྒྱལ་ཁབ་ཡིན་པ་དང་། ཁ་ཆེའི་རྒྱལ་ཁབ་དེ་དག་གི་ནང་གོང་གསལ་ཆོས་ལུགས་དེ་དག་གི་གྲངས་ཉུང་མི་རིགས་རྣམས་བཙན་གནོན་མྱོང་བཞིན་ཡོད་པའི་རྐྱེན་གྱིས་རེད་ཅེས་བརྗོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།