གྲོས་ཆོད་ཁག་དང་ཟུར་རྒྱན་དང་བཅས་པ་གཏན་འབེབས་ཐོག་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་མཇུག་ལེགས་པར་བསྒྲིལ་སོང་།

 ཟླ་འདིའི་ཚེས་༢ ནས་༤ བར་ཉིན་གྲངས་གསུམ་རིང་གི་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་དེ་དྷ་སར་རྟེན་གཞི་བྱས་པའི་༧གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་འཚོག་བཞིན་ཡོད་པ་དང་། ཁ་སང་ཕྱི་ཚེས་༣ ཉིན། ཆོས་ཚོགས་སུ་གྲོས་གཞི་གྲོས་ཆོད་ཁག་དྲུག་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

པར། དགའ་ལྡན་ཕོ་བྲང་།

དེ་ཡང་གྲོས་གཞི་དང་པོ། ༧གོང་ས་མཆོག་གི་བཀའ་དགོངས་ལྟར་མི་དམངས་བྱིངས་ཀྱིས་ནང་པའི་ལྟ་གྲུབ་ཤེས་ཐབས་སུ་ས་གནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ཡོད་ཐོག དང་བླངས་ཀྱིས་ནང་ཆོས་ངོ་སྤྲོད་ཚགས་ཚུད་གནང་མཁན་རིགས་ཡོད་པ་བཞིན། དགོན་སྡེ་གྲྭ་ཚང་ཁག་ནས་ཀྱང་དེ་ལྟ་བུ་གནང་ཐབས་ཇི་དགེའི་སྐོར་ཞེས་པའི་ནང་། ནང་གསེས་དང་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ནས་ནང་ཆོས་ངོ་སྤྲོད་གནང་དགོས་པའི་བཀའ་སློབ་ལམ་སྟོན་གྱི་དགོངས་དོན་ལྟར་། མི་མང་བྱིངས་ལ་ནང་ཆོས་ངོ་སྤྲོད་གནང་ཕྱོགས་དགོན་སྡེ་གྲྭ་ཚང་ཁག་གཅིག་མཚུངས་ཡོང་དཀའ་ཡང། ས་གནས་སོ་སོའི་གནས་བབ་ལ་གཞིགས་ཏེ་དགོན་སྡེ་གྲྭ་ཚང་ཁག་གིས་མི་མང་གི་བློ་ཁ་དང་འཚམ་པའི་སློབ་དེབ་གསར་སྒྲིག་དང་། ཚོགས་ཆུང་ཟུར་འཛུགས་ཀྱིས་ནང་ཆོས་ངོ་སྤྲོད་གནང་དགོས་རྒྱུ་ཞེས་དང་། དེ་བཞིན་ཆོས་ཚོགས་འདིའི་ཐོག་ཆོས་རིག་ལས་ཁུངས་ནས་གནས་སྐོར་ཞེས་པའི་བཀོལ་སྤྱོད་མཉེན་ཆས་དབུ་འབྱེད་གནང་བ་ལྟར། དགོན་སྡེ་གྲྭ་ཚང་ཁག་ནས་གནས་སྐོར་དང་ཡུལ་སྐོར་བ་རྣམས་ལ་སྐབས་དུས་དང་བསྟུན་ནས་གསང་བའི་དྲྭ་མིག་དང་འཕྲུལ་རིག་བེད་སྤྱོད་ཀྱིས་གནས་བཤད་དང་། ནང་ཆོས་ངོ་སྤྲོད་གནང་ཐབས་གནང་རྒྱུ་སོགས་ནང་གསེས་དྲུག།

གྲོས་གཞི་གཉིས་པ། ཆོས་བརྒྱུད་བྱེ་བྲག་པའི་བསླབ་པ་མཐར་སོན་པའི་གྲྭ་བཙུན་གང་རུང་ཆོས་བརྒྱུད་གཞན་གྱི་གཞུང་ཆེན་སྦྱོང་འདོད་ཡོད་རིགས་ལ་ཞུགས་ཡུལ་འབྲེལ་ཡོད་དགོན་སྡེ་གྲྭ་ཚང་ནས་མཐུན་འགྱུར་གནང་ཐབས་ཇི་དགེའི་སྐོར་ཞེས་པའི་ནང་།

དགོན་སྡེ་གྲྭ་ཚང་སོ་སོས་ཅི་སྟེ་མཐུན་འགྱུར་གནང་དཀའ་བའི་རིགས་མཆིས་ཚེ། དོ་བདག་ནས་རྒྱབ་གཉེར་ཚད་ལྡན་དང་བཅས་ཆོས་རིག་ལས་ཁུངས་ལ་སྙན་འབུལ་གྱིས་མཐུན་འགྱུར་རག་ཐབས་ཞུ་རྒྱུ་ཞེས་དང་། ཆོས་བརྒྱུད་སོ་སོའི་དབྱར་ཆོས་དང་དཔྱིད་ཆོས་སོགས་འཚོག་བཞིན་པར་ཆོས་བརྒྱུད་གཞན་ཁག་ནས་ཆོས་ཚན་དེའི་འཛིན་གྲྭའི་སློབ་གཉེར་བ་མཉམ་ཞུགས་གནང་ཐུབ་ན་དགེ་མཚན་ཆེ་སོགས་ནང་གསེས་དོན་ཚན་གསུམ་དང་།

གྲོས་གཞི་གསུམ་པ། དགོན་སྡེ་གྲྭ་ཚང་ཁག་ནས་གོ་སྟོན་སྲུང་བརྩིའི་ལོར་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་མཐུན་པའི་ཐོག་གཞི་རྒྱ་ཆེ་བའི་ཐུན་མོང་གི་ལས་གཞི་སྤེལ་ཐབས་ཇི་དགེའི་སྐོར་ཞེས་པའི་ནང་། འདི་ལོ་༧རྒྱལ་བའི་འཁྲུངས་སྐར་ཉིན་ནས་བཟུང་ལོ་འཁོར་མོ་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་མུས་བཞིན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དགོན་སྡེ་གྲྭ་ཚང་ཁག་མཉམ་རུབ་ཀྱིས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུ་སླད་གཞི་རྒྱ་ཆེ་བའི་རིས་མེད་བགྲོ་གླེང་ཞིག་གོ་སྒྲིག་གནང་གལ། སོགས་ནང་གསེས་ལྔ།

གྲོས་གཞི་བཞི་པ།རྒྱ་ནག་དང་དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་༧གོང་ས་མཆོག་ལ་མཚན་སྨད་དང་ངོ་རྒོལ་ཞུ་བཞིན་པའི་ཐོག དེང་གི་ཆར་དེ་དག་གི་རྒྱུག་ཁྱི་བོད་པ་རེ་འགས་ཀྱང་༧གོང་ས་མཆོག་ལ་མངོན་སུམ་འཛེམས་མེད་མཚན་སྨད་དང་སྐུ་ཕྱྭ་དང་འབྲེལ་བའི་སྐད་ཆ་ཚབས་ཆེན་ཤོད་མཁན་རིགས་ལ་འཚེ་མེད་ཞི་བའི་སྐོ་ནས་གདོང་ལེན་གནང་ཐབས་ཇི་དགེའི་སྐོར་ཞེས་པའི་ནང་།

 གཞན་གྱི་མགོ་སྐོར་བསླུ་བྲིད་འོག་ཚུད་ནས་མཚན་སྨད་ཞུ་མཁན་རིགས་ལ་གོ་བསྐོན་སློབ་གསོ་དང་ཤེས་བཞིན་དུ་མཚན་སྨད་ཞུ་མཁན་རིགས་ལ་ཡུལ་ཁྲིམས་དང་མཐུན་པའི་སྒོ་ནས་བརྡ་འདེད་ནན་པོ་གནང་དགོས་རྒྱུ་ཞེས་དང་། ༧གོང་ས་མཆོག་ལ་དྲ་ཐོག་ནས་མཚན་སྨད་ཞུ་མཁན་ཚོགས་སྒེར་སུ་ཡིན་རུང་། དེ་དག་ལ་དགའ་རྟགས་དང་། རྗེས་འབྲང་། བརྒྱུད་སྤེལ་སོགས་མི་བྱེད་རྒྱུ་དང་། མཚན་སྨད་ཞུ་མཁན་ཡོངས་ལ་ད་ལན་ཆོས་ཚོགས་ཐེངས་བཅོ་ལྔ་པ་འདིའི་ཐོག་ནས་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་སོགས་ནང་གསེས་བཞི།

གྲོས་གཞི་ལྔ་པ། དགོན་སྡེ་གྲྭ་ཚང་སོ་སོའི་ནང་ཆོས་རིག་ལས་ཁུངས་ནས་ཡིག་འབྲེལ་སོགས་འབྲེལ་ལམ་ཚགས་ཚུད་ཡོང་ཐབས་སུ་དགོན་སྡེ་སོ་སོའི་ནང་་འབྲེལ་མཐུད་པ་བསྐོ་གཞག་གནང་ཐབས་ཇི་དགེའི་སྐོར་ཞེས་པའི་ནང་། ཆོས་རིག་ལས་ཁུངས་ནས་དགོན་སྡེ་གྲྭ་ཚང་ཁག་ལ་འབྲེལ་བ་བྱེད་བདེའི་སླད་འབྲེལ་མཐུད་པ་ཞིག་བསྐོ་གཞག་དགོས་ངེས་ལ་སོང་། དགོན་སྡེ་གྲྭ་ཚང་སོ་སོ་ནས་གོ་ཆོད་པའི་འབྲེལ་མཐུད་པ་ཞིག་དུས་ཚོད་རྒྱས་བཅད་ནང་བསྐོ་གཞག་གིས། དེའི་མཚན་དང་། ཡིག་འབྲེལ་བྱེད་སའི་གློག་འཕྲིན། ཞལ་པར་ཨང་གྲངས་བཅས་ཆོས་རིག་ལས་ཁུངས་སུ་འབུལ་དགོས་སོགས་ནང་གསེས་གཉིས།

 གྲོས་གཞི་དྲུག་པ། གོང་གསལ་གྲོས་གཞིར་མ་འཁོད་པའི་གནད་དོན་གཞན་ཐོག་སྤྱི་སྨན་དགོངས་འཆར་དང་བཀའ་བསྡུར་ཞེས་པའི་ནང་། བོད་ཕྱི་ནང་གཉིས་སུ་ཇོ་ནང་པས་སྦྱོར་དྲུག་ཉམས་ལེན་སོགས་ལ་སྦྱངས་བརྩོན་མཐིལ་ཕྱིན་བྱེད་བཞིན་ཡོད་པ་མཁྱེན་གསལ་ལྟར། བཙན་བྱོལ་སྤྱི་ཚོགས་ཁྲོད་ད་དུང་དཀའ་ངལ་འདྲ་མིན་འཕྲད་མུས་ལ་སོང་། བཅའ་ཁྲིམས་ནང་མཚན་གནས་འཁོད་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་སོགས་ནང་གསེས་དོན་ཚན་བཅུ་བཅས། གྲོས་གཞི་ཁག་དྲུག་གི་ནང་གསེས་དོན་ཚན་སུམ་ཅུ་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་རིང་། ཕྱི་ཟླ་༧ ཚེས་༤ ཉིན་གྱི་སྔ་དྲོ།༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་ཚོགས་ཁང་དུ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པར་ཕེབས་པའི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་། ཚོགས་བཅར་བ་ཡོངས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་སྤྱི་མོས་ཀྱིས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་ཀྱང་སྙན་སྒྲོན་ཞུས་ཡོད་འདུག་ལ།  དེའི་རྗེས་སུ་ཆོས་ཚོགས་སུ་༧གོང་ས་མཆོག་གི་བཀའ་སློབ་ལ་ཟུར་རྒྱན་གྲོས་ཆོད་ཆོས་ཚོགས་སྤྱི་ཡོངས་ཀྱི་གྲོས་ཆོད་གཏན་འབེབས་གནང་སྟེ། མཐར་ཆོས་རིག་བཀའ་བློན་ནས་ཚོགས་ཆེན་གྱི་གྲུབ་དོན་སྙིང་བསྡུས་སྐོར་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོས་ཆོས་ཚོགས་ཐེངས་༡༥ པའི་མཇུག་བསྡོམས་གསུང་བཤད་གནང་རྗེས། ཆོས་རིག་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་བཅས། ཐེངས་འདིའི་ཆོས་ཚོགས་ཐེངས་༡༥ པ་ཡོངས་སུ་ལེགས་པར་མཇུག་བསྒྲིལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།