གྲོས་ཚོགས་དེ་མི་སོ་སོའི་རྣམ་དཔྱོད་དང་བློ་གྲོས་འདོན་ས་ལས་བློ་ཁོག་ངོམ་ས་མིན།
ཕྱི་ལོ་༢༠༢༤ ཟླ་༣ ཚེས་ ༡༦་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བདུན་པ་བསྐྱངས་གནང་སོང་།

ལས་རིམ་ལྟར་ཐོག་མ་དྲི་བ་དྲིས་ལན་སྐབས། སྤྱི་འཐུས་རྣམ་པས་བོད་ཀྱི་སྨན་རྩིས་ཁང་གི་སྒོ་བྱང་དང་ལས་ཤོག་སོགས་ཀྱི་མིང་བློ་བུར་དུ་བརྗེ་པོ་རྒྱག་དགོས་དོན་དང་དེ་རྒྱ་གར་གཞུང་གི་ཚེའི་རིག་བྱེད་(Ayurveda) དེབ་སྐྱེལ་དང་འབྲེལ་བ་ཡོད་མེད་སོགས་ཀྱི་དོགས་འདྲི་གནང་བ་དང་། དེ་ལ་འཕྲོད་བསྟེན་བཀའ་བློན་གྱིས་འགྲོ་ཕན་སྨན་རྩིས་ཁང་ནས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ཞེས་བརྗེས་ཡོད་པ་དང་མིང་བརྗེས་པ་དེ་རྒྱ་གར་གཞུང་གི་ཚེའི་རིག་བྱེད་ཀྱི་དེབ་སྐྱེལ་དང་འབྲེལ་བ་གཏན་ནས་མེད་པའི་བཀའ་ལན་གནང་སོང་།
དེའི་རྗེས་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ནས་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ལ་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་ཞིང་། གོང་གསལ་སྙན་ཐོའི་ནང་གསལ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་། དེའི་རྗེས་སུ་ཕྱི་དྲིལ་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བ་དང་། བགྲོ་གླེང་སྐབས་སུ་སྤྱི་འཐུས་རྣམ་པས་སློབ་གྲྭ་ཁག་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཙམ་མིན་པ་བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ཐོག་ལ་ལས་འགུལ་སྤེལ་དགོས་པ་དང་། བོད་དོན་དྲིལ་བསྒྲགས་ཀྱི་ཆེད་ཕྱི་དྲིལ་བཀའ་བློན་ཕྱོགས་བསྐྱོད་མང་ཙམ་གནང་དགོས་པ། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་བགྲོ་གླེང་དང་། དེ་བཞིན་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དང་བོད་ཀྱི་འགྲེམ་སྟོན་ཁང་། རྒྱལ་ཁབ་ཁག་ལ་ཡོད་པའི་དོན་གཅོད་ཁག་གི་ལས་དོན་བྱེད་ཕྱོགས། རྒྱ་གར་ཕྱི་བསྐྱོད་ལག་དེབ་(ལག་དེབ་སེར་པོ།) དང་བལ་ཡུལ་ནང་གི་དཀའ་ངལ་སོགས་ཀྱི་ཐོག་ལ་བགྲོ་གླེང་དང་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་སོང་། དེའི་རྗེས་སུ་དུས་ཚོད་འཕར་འགྱངས་ཀྱིས་འཕྲོད་བསྟེན་སྐོར་བགྲོ་གླེང་དང་ལན་འདེབས་གསལ་བཤད་སོགས་གནང་ཐོག སྐབས་འདིར་སྤྱི་འཐུས་དགོངས་ཞུ་གནང་མཁན་ག་ཚོད་བྱུང་མིན་སོགས་སྙན་སྒྲོན་ཞུས་རྗེས། སྤྱི་འཐུས་ཚོགས་གཙོས་མཇུག་བསྡོམས་ཀྱི་གཏམ་བཤད་གནང་སོང་ལ། སྐབས་དེར་ཚོགས་གཙོའི་འགོ་འཛུགས་ཀྱི་གཏམ་བཤད་ནི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས། ཚོགས་འདུའི་མཇུག་བསྡོམས་ཀྱི་གཏམ་བཤད་ནི་གྲུབ་འབྲས་ཡིན་པས། གྲུབ་འབྲས་ནི་ཚོགས་དུས་དྲུག་པའི་ཐོག་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ལྔ་གཏན་འབེབས་བྱུང་ཡོད་པ་དང་། དེ་དང་འབྲེལ་ནས་ཁོང་རྣམས་དང་བོད་དོན་རྒྱབ་སྐྱོར་བའི་བཀའ་དྲིན་ཚོར་རྒྱུ་གལ་ཆེ་བ། དེ་བཞིན་བོད་མིའི་གདུང་སེམས་མཉམ་སྐྱེད་གྲོས་ཆོད་གྲོས་འཆར་བཅས་གཏན་འབེབས་བྱུང་བའི་སྐོར་དང་། ལས་བསྡོམས་ཀྱི་ཚོགས་འདུ་ཐོག་ནས་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་གཟིགས་སྐྱོང་གནང་ཕྱོགས། དབུས་དང་ས་གནས་ཀྱི་ལས་དོན་གནང་ཕྱོགས། བོད་དོན་འཐབ་རྩོད་ཀྱི་ཐོག་ལ་ལས་འགུལ་ག་རེ་སྤེལ་ཡོད་མེད་བཅས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་དང་།
སྤྱི་འཐུས་རྣམ་པས་ཀྱང་དེ་ཚོའི་ཐོག་ལ་དོགས་འདྲི་དང་ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གསུངས་པ། འཛིན་སྐྱོང་བཀའ་ཤག་གིས་ལས་འཆར་གྱི་སྲིད་བྱུས་འཛིན་སྟངས་དང་འཆར་གཞི་འདེང་སྟངས་སོགས་ཀྱི་ཐོག་ལ་གསལ་བཤད་ཕེབས་ཡོད་པས་མ་འོངས་འཛིན་སྐྱོང་བྱེད་ཕྱོགས་ཐོག་ལ་ཕན་ཐོགས་ཆེན་པོ་ཡོད་པ། དེ་བཞིན་སྤྱི་འཐུས་གྲོས་ཚོགས་ཀྱི་སྡིངས་ཆ་འདི་བོད་མི་ས་ཡ་་དྲུག་གི་བདེ་དོན་གྱི་གནས་བབ་དང་འབྲེལ་བ་ཆགས་ཀྱི་ཡོད་པ་དང་། དེའི་ནང་གླེང་སློང་གང་བྱས་རུང་། བོད་ཀྱི་རྩ་དོན་དང་འཛིན་སྐྱོང་བྱེད་ཕྱོགས་སོགས་ལ་ཕན་ཐོགས་ཡོང་བའི་ཆེད་དགོངས་པ་བཞེས་དགོས་པ་གལ་ཆེན་ཡིན་པ་དང་གྲོས་ཚོགས་དེ་མི་སོ་སོའི་རྣམ་དཔྱོད་དང་རྒྱུ་མཚན། བློ་གྲོས་འདོན་ས་ལས་རྣམ་འགྱུར་དང་བློ་ཁོག་ངོམ་ས་ཞིག་མིན་པས་ཚང་མས་དགོངས་པ་བཞེས་དགོས་པ་སོགས་དང་།
གཞན་ཡང་དྲི་བ་གཏོང་ཕྱོགས་སོགས་ཀྱི་སྐོར་ལ། དྲི་བ་གཏང་རྒྱུའི་བརྒྱུད་ལམ་མང་པོ་ཞིག་ཡོད་རེད། དེ་ཚོར་སྤྱི་མཐུན་རྣམ་པས་དགོངས་པ་བཞེས་ཀྱི་མི་འདུག་ཟེར་ན་ཏག་ཏག་སྡོད་ཀྱི་མེད་ཀྱང་། རྟག་པར་ལས་རིམ་རྣམ་གཞག་འདོན་བཞིན་མ་བསྡད་པར་ཚོགས་འདུའི་འགྲོ་ལུགས་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ལོགས་སུ་སོ་སོའི་ངོས་ནས་ཤེས་ཐུབ་རྒྱུའི་གོ་སྐབས་ག་ཚོད་འདུག བརྒྱུད་ལམ་མང་པོ་ཞིག་ཡོད་རེད་དེ་དག་ལྟ་ཐུབ་རྒྱུ་གལ་ཆེན་པོ་རེད་ཅེས་དང་། བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཏན་འབེབས་དང་འབྲེལ། བོད་ནང་གི་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གཏན་འབེབས་གཅིག་བྱེད་ཐུབ་ཡོད་པ་དང་། གཙོ་བོ་ང་ཚོས་སེམས་པ་འཇོག་ས་འདྲ་དེ་བོད་ནང་གི་བོད་མིའི་གནས་སྟངས་དང་བདེ་སྡུག ཆབ་སྲིད་ཀྱི་གནས་སྟངས་བཅས་ཀྱི་ཐོག་ང་ཚོས་དོ་སྣང་གནང་དགོས་པ་གལ་ཆེན་པོ་ཡིན་པ་དང་། ང་ཚོ་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་སྐྱབས་བཅོལ་བའི་གནས་བབ་གཅིག་ཆགས་ཡོད་པ། དེ་དང་མཉམ་དུ་བོད་ནང་གི་བོད་མིའི་བསམ་མནོ་རྟོགས་ཐུབ་པ། ཁ་ཡོད་ལག་ཡོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐོག་ནས་དངོས་ཡོད་ཀྱི་འདུ་ཤེས་འཁྱེར་སྟངས་དང་དགོངས་པ་བཞེས་ཐུབ་རྒྱུ་གལ་ཆེ་བ། བོད་ནང་གི་རྒྱ་ནག་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་འདྲ་གནང་གི་ཡོད་མེད། རྒྱ་ནག་གིས་བོད་ནང་འཛིན་སྐྱོང་བྱེད་སྟངས་ལ་འགྱུར་བ་ག་ཚོད་འགྲོ་གི་ཡོད་མེད་ཐོག་ང་ཚོས་གྲོས་ཆོད་རིམ་པ་འཇོག་གི་ཡོད་པས། དེ་ཚོའི་ཐོག་དགོངས་པ་བཞེས་ནས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་མཐའ་མ་གཏན་འབེབས་བྱེད་ཐུབ་པ་དེ་ཡང་ཡག་པོ་བྱུང་ཡོད་པ་དང་གལ་ཆེ་བའི་སྐོར་སོགས་གསུངས་སོང་། ཟླ་ཚེས་༡༨ ཉིན་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་བདུན་པ་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ། བློ་བཟང་རྒྱ་མཚོ།