གྲོས་ཚོགས་ནང་ཕྱི་རྒྱལ་གྱི་རྐུབ་སྟེགས་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༧༤ འདུག
ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ནས་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་སྤར་དགོས་མིན་ཐོག་ཞིབ་འཇུག་དང་བསམ་ཚུལ་བསྡུ་ལེན་བྱས་ཏེ། གྲུབ་དོན་དུ་ལན་འདེབས་པའི་བརྒྱ་ཆ་༧༤ ཡིས་རྐུབ་སྟེགས་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད་འདུག་པ་དང་། གླེང་སྟེགས་ཀྱི་ཞིབ་འཇུག་རུ་ཁག་གིས་ཀྱང་གྲོས་ཚོགས་ཀྱི་རྐུབ་སྟེགས་ཁ་གྲངས་ཕྱེད་ཀ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཟུར་བཅད་དགོས་པའི་བསམ་འཆར་བཏོན་འདུག
ཟླ་༡ པོའི་ཚེས་༢༥ ཉིན་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་པའི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་འཚོགས་བྱས་སོང་བ་དང་། སྐབས་དེར་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་སྤར་དགོས་མིན་ཐོག་ཞིབ་འཇུག་གི་གྲུབ་དོན་སྙན་ཐོའི་དེབ་དབུ་འབྱེད་བྱས་སོང་།
དེ་ཡང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱི་མགྲིན་ཚབ་པ་ལྷ་རོང་གིས་བརྗོད་དོན་ལ། ལྔ་དང་ལྔ་བཅུའི་གླེང་སྟེགས་ཀྱིས་འདས་པའི་ཟླ་བ་༡༧ རིང་ཞིབ་འཇུག་གི་ལས་འཆར་འདི་ལེགས་གྲུབ་ཡོང་ཆེད་དུ་ལས་ཀ་བྱས་འདུག་པ་དང་། དེ་ཡང་གཞོན་སྐྱེས་གླེང་སྟེགས་འདིས་རང་དབང་ཐོག་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་སུ་གང་གི་བརྒྱུད་སྐུལ་དང་གནོན་ཤུགས་འོག་ཏུ་མེད་པར། གནད་དོན་འདྲ་མིན་ཐོག་གླེང་སློང་དང་བགྲོ་གླེང་བྱེད་ཀྱི་ཡོད་ཁར། ཐེངས་འདིའི་ཞིབ་འཇུག་ལས་དོན་དེའི་འགྲོ་སོང་ཡང་ཚོགས་མི་རྣམས་ཀྱིས་འདུ་སྐོང་བྱས་པ་ཡིན་ཁར། ཞིབ་འཇུག་གི་གནད་དོན་ཡང་ཚོགས་མི་ནང་ཁུལ་ནས་བཙན་བྱོལ་གྱི་མང་གཙོ་དང་འབྲེལ་བའི་གནད་དོན་གལ་ཆེན་ཞིག་མཐོང་ནས་ལས་དོན་སྤེལ་བ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
དེ་ཡང་ཞིབ་འཇུག་གི་དྲི་བར་ལན་འདེབས་བྱེད་མཁན་མི་གྲངས་༤༠༠༩ བྱུང་འདུག་པ་དང་། རྒྱལ་ཁབ་མི་འདྲ་བ་༣༢ དང་གླིང་ཕྲན་མི་འདྲ་བ་༤ ནས་ཡོད་འདུག ལན་འདེབས་པའི་ཁྲོད་ནས་བརྒྱ་ཆ་༣༤ ལོ་ན་༢༥ ནས་༣༤ བར་དང་། བརྒྱ་ཆ་༢༣ ལོ་ན་༡༨ ནས་༢༤ བར་ཡིན་འདུག་པས། ལན་འདེབས་བྱེད་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་འདུག དེ་བཞིན་བུད་མེད་ཀྱི་བརྒྱ་ཆ་༤༩ དང་སྐྱེས་པའི་བརྒྱ་ཆ་༥༠ ཡིན་འདུག འཚོ་ཐབས་ཐོག་ནས་ལས་ཡོད་བརྒྱ་ཆ་༤༦ དང་སློབ་ཕྲུག་བརྒྱ་ཆ་༢༧། ལས་མེད་བརྒྱ་ཆ་༢༡། གྲ་བཙུན་བརྒྱ་ཆ་༤། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་དང་སྤྱི་འཐུས་བརྒྱ་ཆ་༢ ཡིན་འདུག
ཞིབ་འཇུག་གི་གྲུབ་དོན་དུ་ལན་འདེབས་པའི་ཁྲོད་ནས་བརྒྱ་ཆ་༧༤ ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མི་མི་འབོར་ཕོན་ཆེན་ཡོད་པ་དེ་མཚོན་ཆེད་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་སྤར་དགོས་པར་རྒྱབ་སྐྱོར་བྱས་འདུག་པ་དང་། རྒྱ་བལ་འབྲུག་གསུམ་ནས་ལན་འདེབས་པ་བརྒྱ་ཆ་༧༠ དང་ཡུ་རོབ་ནས་ལན་འདེབས་པ་བརྒྱ་ཆ་༧༦། བྱང་ཨ་རི་དང་ཨོ་སི་ཀྲོ་ལི་ཡ་ནས་བརྒྱ་ཆ་༨༡ བཅས་ཀྱིས་རྒྱབ་སྐྱོར་བྱས་འདུག དེ་ཡང་ལོ་ན་༡༨ དང་༢༥ བར་གྱི་ལན་འདེབས་པའི་ཁོངས་ནས་བརྒྱ་ཆ་༨༠ ཡིས་གནད་དོན་དེར་རྒྱབ་སྐྱོར་བྱས་འདུག་པས། རྒྱབ་སྐྱོར་ཚད་མཐོ་ཤོས་ཡིན་འདུག་པ་དང་། དེ་ནས་ལོའི་སྡེ་ཚན་ཆེ་རུ་ཕྱིན་སྐབས་རྒྱབ་སྐྱོར་གྱི་བརྒྱ་ཆ་ཅུང་ཉུང་དུ་སོང་ཡོད་པ་རེད་འདུག དེ་བཞིན་རྒྱབ་སྐྱོར་བྱེད་མཁན་ཁོངས་ནས་སློབ་ཕྲུག་གི་རྒྱབ་སྐྱོར་ཚད་མཐོ་ཤོས་ཡིན་འདུག་པ་དང་། ལས་མེད་དང་གྲྭ་བཙུན་སྡེ་ཚན་ནས་རྒྱབ་སྐྱོར་ཉུང་བ་ཡོད་འདུག
དེ་བཞིན་ལན་འདེབས་པ་བརྒྱ་ཆ་༥༢ ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་གྲངས་འབོར་དེ་མི་འབོར་གཞིར་བཞག་སྤར་དགོས་པའི་བསམ་ཚུལ་བརྗོད་འདུག་པ་དང་། རྒྱ་གར་ནས་ལན་འདེབས་བྱེད་མཁན་ཁོངས་སུ་བསམ་ཚུལ་དེར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༥༨ འདུག་པས་རྒྱབ་སྐྱོར་ཚད་མཐོ་ཤོས་ཡིན་འདུག ལན་འདེབས་བྱེད་མཁན་བརྒྱ་ཆ་༢༧ གྱིས་ད་ཆ་རྒྱ་བལ་འབྲུག་གསུམ་ནང་ལག་བསྟར་བྱེད་བཞིན་པའི་ཆོལ་ཁ་དང་ཆོས་བརྒྱུད་གཞིར་བཞག་ནས་སྤྱི་འཐུས་འདེམས་པའི་ལམ་ལུགས་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་ཡང་ལག་བསྟར་བྱེད་དགོས་སྐོར་བརྗོད་འདུག འོན་ཀྱང་ད་ཆ་རྒྱ་བལ་འབྲུག་གསུམ་ནང་ལག་བསྟར་བྱེད་བཞིན་པའི་ཆོལ་ཁ་དང་ཆོས་བརྒྱུད་གཞིར་བཞག་ནས་སྤྱི་འཐུས་འདེམས་པའི་ལམ་ལུགས་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་ཡང་ལག་བསྟར་བྱེད་དགོས་པའི་བསམ་ཚུལ་ལ། རྒྱ་གར་ནས་ལན་འདེབས་བྱེད་མཁན་ཁོངས་ནས་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་༡༣ མ་གཏོགས་མེད་འདུག་པས་ཚད་དམའ་ཤོས་ཡིན་འདུག ལན་འདེབས་པ་བརྒྱ་ཆ་༡༣ གྱིས་བསམ་ཚུལ་གཞན་འདྲ་མིན་བཏོན་འདུག་པ་དང་། དེའི་ནང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་ལུགས་དེ་མེད་པ་བཟོ་བའི་དུས་ལ་བབ་ཡོད་པ། ཁག་ཅིག་གིས་རྒྱ་བལ་འབྲུག་གསུམ་ནས་སྤྱི་འཐུས་བརྒྱ་ཆ་༦༠ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་བརྒྱ་ཆ་༤༠ འོས་འདེམས་བྱས་ན་ཡག་པོ་ཡོད་པ། དེ་བཞིན་སྤྱི་འཐུས་རྣམས་བོད་མིའི་གནས་སྡོད་གཞིས་ཆགས་ཚང་མ་ནས་མི་འབོར་གཞིར་བཟུང་འོས་འདེམས་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན་འདུག
ཞིབ་འཇུག་རུ་ཁག་གིས་བརྗོད་དོན་ལ། ཞིབ་འཇུག་གི་དྲི་བ་ཞིག་ནང་སྤྱི་འཐུས་གྲོས་ཚོགས་ནང་ཕྱི་རྒྱལ་གྱི་སྤྱི་འཐུས་ལ་རྐུབ་སྟེགས་༥ ཡོད་པ་ཤེས་ཀྱི་ཡོད་མེད་དྲིས་སྐབས། རྒྱ་བལ་འབྲུག་གསུམ་ནས་བརྒྱ་ཆ་༥༥ ཡིས་མ་གཏོགས་ཤེས་ཀྱི་མེད་འདུག་པས། ཚད་དམའ་ཤོས་ཡིན་འདུག་པས། སྤྱི་འཐུས་ཀྱི་རྐུབ་སྟེགས་བརྒྱ་ཆ་༨༩ རྒྱ་བལ་འབྲུག་གསུམ་ནས་ཡིན་པས། དེ་དག་འོས་འདེམས་བྱེད་མཁན་ལ་སྤྱི་འཐུས་ཀྱི་གྲུབ་ཆའི་སྐོར་གོ་རྟོགས་ཞན་པོ་ཡོད་པའི་གྲུབ་དོན་ཐོན་ཡོད་སྐོར་བརྗོད་སོང་།
ཞིབ་འཇུག་རུ་ཁག་གིས་སྲིད་བྱུས་བསམ་འཆར་གཙོ་བོ་ཁག་གསུམ་བཏོན་འདུག་པ་དང་། དེ་དག་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་མིག་ཕྱེད་ཀ་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་རྣམས་ལ་ཟུར་བཅད་གནང་དགོས་འདུག བོད་མིའི་སྒྲིག་འཛུགས་དང་བོད་མིའི་གསར་ཁང་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཚོགས་སྡེ་ཁག་བཅས་ཀྱིས་དམངས་གཙོ་དང་འབྲེལ་བའི་གནད་ཡོད་བརྗོད་གཞི་ཁག་གི་ཐོག་ལ་འཆར་ལུགས་ལྡན་པའི་བགྲོ་གླེང་ལྷུག་པོ་གང་མང་གནང་རྒྱུའི་སྐུལ་འདུན་གནང་དགོས་འདུག ད་མིའི་སྒྲིག་འཛུགས་དང་བོད་མིའི་གསར་ཁང་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཚོགས་སྡེ་ཁག་བཅས་ཀྱིས་བོད་མི་སྤྱི་དང་། དམིགས་བསལ་རྒྱ་བལ་འབྲུག་གསུམ་གྱི་འོས་འཕེན་མཁན་རྣམས་ལ་རང་ཅག་གི་དམངས་གཙོ་དང་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་སྐོར་ལ་སློབ་གསོ་དང་གོ་རྟོགས་མང་ཙམ་སྤེལ་དགོས་འདུག་བཅས་རེད་འདུག
ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱི་མགྲིན་ཚབ་པ་ལྷ་རོང་གིས། ཞིབ་འཇུག་སྙན་ཐོ་དེ་བོད་མིའི་སྒྲིག་འཛུགས་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ལ་བཅར་ནས་འབུལ་རྒྱུ་ཡིན་པ་དང་། སྤྱི་འཐུས་སྐབས་གསར་པ་དེས་གནད་དོན་དེའི་ཐོག་བགྲོ་གླེང་གནང་ནས་ཐག་གཅོད་བྱེད་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།