གྲོས་ཚོགས་ཚོགས་དུས་༩ པ་ཧིན་སྒོར་ས་ཡ་སུམ་སྟོང་ལྷག་གི་སྔོན་རྩིས་གཏན་འབེབས་དང་བཅས་བདེ་ལེགས་ངང་གྲོལ་སོང་།

ཟླ་འདིའི་ཚེས་༣༡ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གསུམ་པའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥་་་༢༠༢༦ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགྲོ་གྲོན་སྔོན་རྩིས་བཀའ་འཁྲོལ་བསྡོམས་ཧིན་སྒོར་ས་ཡ་༣།༣༠༤།༠༡༧།༣༠༧ སྤྱི་མོས་ཐོག་གཏན་འབེབས་གནང་བ་དང་། དེ་བཞིན་ཚོགས་གཙོས་མཇུག་བསྡོམས་གསུང་བཤད་གནང་ནས་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་ལེགས་པར་བསྒྲིལ་སོང་།

པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དེ་ཡང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་མཇུག་བསྡོམས་གསུང་བཤད་གནང་སྐབས།  ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བརྒྱད་ཕེབས་ཐུབ་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༥-༢༠༢༦ ལོ་དཔལ་འབྱོར་བཀའ་བློན་གྱི་སྔོན་རྩིས་གསུང་བཤད་དང་། བཀའ་ཤག་གི་འཆར་འབུལ། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོ།  མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཅུ་གཉིས་པའི་སྙན་ཐོ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཐོག་བསྐྱར་ཞིབ་ཆེད་འཛུགས་ཚོགས་ཆུང་གི་ལས་བསྡོམས་དང་ཁྲིམས་སྒྲིག་བསྐྱར་བཅོས། ཁྲིམས་བཟོའི་ལས་དོན་གྲངས་བཅུ་བཞི། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྲངས་བརྒྱད། དཀའ་རྟགས་ཅན་གྱི་དྲི་བ་གཅིག བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས། སྤྱི་ཁྱབ་རྩིས་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་བཅས་འོས་འདེམས་བྱུང་ཐུབ་ཡོད་པའི་སྐོར་དང་།

ད་ཐེངས་གྲོས་ཚོགས་སུ་ས་ཡ་སུམ་སྟོང་ལྷག་བཀའ་འཁྲོལ་གཏན་འབེབས་བྱུང་བ་ལྟར། ཉིན་རེའི་ལས་དོན་ཐོག་ལག་བསྟར་བྱེད་མཁན་ནི་སྲི་ཞུའི་ལས་བྱེད་རྣམས་ཆགས་ཡོད་པས། གྲོས་ཚོགས་སུ་དགོངས་ཚུལ་ཕུལ་ཏེ་གཞི་ནས་སྔོན་རྩིས་ཐོག་བསྲི་ཚགས་གནང་རྒྱུ་དང་། ལས་དོན་གང་བརྩམས་ཀྱང་དོན་སྨིན་ཡོང་རྒྱུ་ལ་འགན་འཁུར་བཞེས་གལ་ཆེ་བ།

སྔོན་རྩིས་འབུལ་སྟངས་ལ་ཡང་ཆབ་སྲིད་དང་སྤྱི་ཚོགས། འཛིན་སྐྱོང་ཞེས་སྡེ་ཚན་གསུམ་གྱི་ཁྲོད། སྔོན་རྩིས་གཏོང་ས་མང་ཤོས་དེ་སྤྱི་ཚོགས་བདེ་དོན་ཐོག་ཆགས་ཀྱི་ཡོད་པ་དང་། ཤེས་ཡོན་དང་འཕྲོད་བསྟེན་སོགས་རིགས་གཅིག་གི་ཐོག་འགྲོ་སོང་མ་བཏང་ཀ་མེད་ཆགས་ཀྱི་ཡོད་པ་ཕུད། མང་ཚོགས་ནས་སོ་སོའི་དཀའ་ངལ་སེལ་ཐབས་སུ་གཞུང་ནས་རོགས་རམ་ཞུ་རྒྱུ་ཉུང་དུ་གཏོང་ཐབས་དང་། རང་ཁ་རང་གསོ་ཡོང་ཐབས་ལ་འབད་ཐུབ་དགོས་པར་གསུངས་པ་དང་།

གཞན་ཡང་། ང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་༦༦ འགྲོ་བཞིན་ཡོད་པ་དང་། བོད་ནང་གི་བོད་མི་ཚོར་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་དཀའ་ངལ་ཡོད་པ། ལྷག་པར་དུ་ང་ཚོ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་འཐབ་རྩོད་ཀྱི་ཐོག་ལ་འགན་འཁུར་རྒྱུ་དང་། བོད་དང་བོད་མི་རིགས། བོད་ཀྱི་རིག་གཞུང་དང་རྩ་དོན་ཐོག་ཞབས་འདེགས་ཕྲན་བུ་ཞུ་ཐུབ་དགོས་རྒྱུ་གལ་ཆེན་ཡིན་པ། ང་ཚོའི་སྤྱི་ཚོགས་དེ་ལེགས་ལམ་དུ་འཁྲིད་ཐུབ་རྒྱུ་དང་བོད་ཟེར་དུས་ཚང་མས་ཐུགས་གནང་ཡོང་ཐབས་སུ་དགོངས་པ་བཞེས་གལ་ཆེ་བའི་སྐོར་དང་།

དེ་བཞིན་མ་འོངས་པར་གྲོས་ཚོགས་ཀྱི་ལས་རིམ་ག་རེ་ཡིན་ཡང་། དོན་ལ་སྨིན་པ་དང་ཚགས་ཚུད་པ། ཐག་གཅོད་ཚད་ལྡན་ཡོང་བར་འབད་བརྩོན་ཞུ་དགོས་རྒྱུ་དང་། གྲོས་ཚོགས་ཀྱི་ལས་རིམ་དེ་ཚོར་བའི་དབང་དུ་མ་སོང་བ་བྱེད་ཐུབ་དགོས་རྒྱུ་ལ་དགོངས་པ་བཞེས་གལ་ཆེ་བ་སོགས་ཀྱི་ལམ་སྟོན་དང་བཅས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ལས་ཉིན་བཅུ་གསུམ་པའི་ཐོག་བདེ་ལེགས་ངང་གྲོལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།