གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པར་ལས་བསྡོམས་སྙན་སྒྲོན་དང་བཀའ་ཤག་གི་ལན་འདེབས་གསལ་བཤད།
སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་བཞི་པའི་ཚོགས་ཐུན་༡ པོའི་ཐོག་ནང་སྲིད་བཀའ་བློན་གྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༢ ནས་༢༠༢༣ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པ་ལ་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་གནང་ཞིང་། གོང་གསལ་སྙན་ཐོའི་ནང་གསལ་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་།

དེའི་རྗེས་སུ་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བ་དང་། བགྲོ་གླེང་སྐབས་སུ་སྤྱི་འཐུས་སོ་སོའི་ཕྱོགས་སྐྱོད་སྐབས་སུ་གཞིས་ཆགས་ཁག་སོགས་ནས་བོད་མིའི་འཚོ་གནས་ཀྱི་སྐོར་མཐོང་ཐོས་མྱོང་གསུམ་དང་དེ་འབྲེལ་གྱི་དགོངས་ཚུལ་དང་དྲི་བ་བཅས་གནང་སོང་། སྤྱི་འཐུས་མང་པོ་ཞིག་གིས་མི་འབོར་ཞིབ་བཤེར་དང་ཁྱིམ་ཐོ་གྲངས་བཤེར་སོགས་ལ་མི་མང་གི་བསམ་ཚུལ་དང་དོགས་འདྲི་ཞུ་སྐབས། བཀའ་ཤག་གིས་བོད་ནང་གི་ཕ་མ་སོགས་ནང་མིའི་སྐོར་ལན་འདེབས་མ་གནང་ཡང་གལ་མེད་པ་དང་། ཁྱིམ་ཐོ་དང་མི་འབོར་གྲངས་བཤེར་དེ་ཡང་རྒྱལ་ཁབ་སྤྱིའི་འགྲོ་ལུགས་ལྟར་བོད་མི་ཚོའི་འཚོ་བའི་གནས་སྟངས་སོགས་རྒྱུས་ལོན་ཆེད་དུ་ཡིན་པ་ལས། ཉེ་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་པའི་བཀའ་ཟུར་དཔལ་འབྱོར་ཚེ་རིང་དེབ་དང་ཡང་འབྲེལ་བ་མེད་པར་ལན་གནང་སོང་། བཀའ་ཤག་གིས་སྙན་སྒྲོན་པའི་བྱས་པའི་མི་འབོར་ཞིབ་བཤེར་ལྟར་ན། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མི་འབོར་ཁྲི་དགུ་དང་བདུན་དྲུག་བརྒྱ་ལྷག་ལས་མི་འདུག་ལ། དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་མི་གྲངས་ཁྲི་གཉིས་ཙམ་ལས་མི་འདུག དེར་བརྟེན་སྤྱི་འཐུས་ཤིག་གིས་ནམ་རྒྱུན་མི་འབོར་གྱི་བརྒྱ་ཆ་ལྔ་བཅུ་ཕྱི་རྒྱལ་དུ་ཡོད་པ་ལབ་ཀྱི་ཡོད་པ་དང་། མི་འབོར་ཞིབ་བཤེར་གྱི་གྲངས་ལྟར་ན་བརྒྱ་ཆ་སུམ་ཅུ་ལས་མི་འདུག་པས། མི་འབོར་གྲངས་བཤེར་ཐོག་ཤུགས་རྒྱག་དགོས་པའི་དགོངས་ཚུལ་གསུངས་སོང་། གཞན་ཡང་སྤྱི་འཐུས་མང་པོ་ཞིག་གིས་ཕྱི་རྒྱལ་ཁག་ནས་མི་མང་པོ་ཞིག་གིས་རྗེས་མ་རྒན་ཡོལ་འགྲོ་ས་ལྟ་བུ་གཞིས་ཆགས་སུ་ཁང་པ་ཉོ་ཐབས་བྱེད་བཞིན་འདུག་པས། དེ་དག་ལ་རྒྱབ་གཉེར་སོགས་མཐུན་རྐྱེན་གལ་ཆེ་སྐོར་དང་། བོད་ནས་རྗེས་སུ་འབྱོར་བ་དག་ལ་ཁང་པ་སོགས་དང་། དེ་མིན་རྒན་གསོ་ཁང་དང་། དགུན་ཚོང་རྒྱག་མཁན། སེམས་ཁམས་ནད་པ་སོགས་ལ་མཐུན་རྐྱེན་དང་དེ་ལུགས་ཀྱི་ལྟ་ཞིབ་དགོས་པ་སོགས་ཀྱི་སྐོར་དགོངས་ཚུལ་གསུངས་པ་དང་། བཀའ་ཤག་གིས་དེ་དག་ལ་ལན་འདེབས་གནང་སོང་།
དེ་བཞིན་བོད་ནས་རྗེས་སུ་འབྱོར་མཁན་རྣམས་ལ་སོ་སོ་ས་གནས་གང་དུ་ཡོད་པ་དེ་རང་ལ་ཁང་པ་དགོས་པ་ལས་ས་གནས་གཞན་དུ་འགྲོ་རྒྱུ་མིན་པར་རྗོད་ཀྱི་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་ཐོག་ནས་ས་ཆ་ཉོ་མ་ཐུབ་བར་ཁང་པ་གསར་རྒྱག་ཐུབ་ཀྱི་མ་རེད་ཅེས་བརྗོད་སོང།
ཕྱི་ལོ་༢༠༢༣ ཟླ་བ་༡༢ ཚེས་༢༥ བར་ལ་བོད་མིའི་སྒྲིག་འཛུགས་ལ་རག་པའི་བོད་ནས་རྗེས་སུ་་འབྱོར་བའི་ཁང་པ་དགོས་མཁན་གྱི་མིང་ཐོ་བསྡུ་རུབ་བྱེད་དུས་མིང་ཐོ་རག་པའི་ཁྱིམ་ཚང་གྲངས་༡༠༢༦ བྱུང་ཡོད་པ་དང་། དེ་བཞིན་ཁ་འཐོར་སྡོད་ཁང་ཞུ་མཁན་༧༩༦ ཡོད་འདུག་པས། ཁྱོན་བསྡོམས་རྒྱ་གར་གཅིག་པུའི་ནང་སྡོད་ཁང་ཞུ་མཁན་༡༨༢༢་བྱུང་ཡོད་ཅེས་དང་། དེ་བཞིན་ཤེས་རིག་ལས་ཁུངས་ནས་ཐོ་གཞུང་འབྱོར་བའི་སློབ་ཕྲུག་གྲངས་༡༦༨ ཡོད་འདུག་པ་དང་། དེ་དག་ད་ལྟ་སློབ་གྲྭའི་ནང་ཡོད་པས་གོང་གི་ཁོངས་ཚུད་མེད་ཀྱང་། སློབ་གྲྭ་འགྲིམས་ཚར་རྗེས་སྡོད་ཁང་དགོས་པར་བརྟེན། ད་ལྟ་ནས་ས་ཆ་ཞིག་ཡིན་ན་ཡང་སྤྲོད་ཐུབ་རྒྱུ་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ད་ཆར་ཨོ་རི་ས་དང་མོན་པ་ཌི་གཉིས་སུ་བོད་མིའི་སྒྲི་འཛུགས་ཀྱི་སྡོད་ཁང་གསར་རྒྱག་བྱེད་རྒྱུའི་འཆར་གཞི་ཡོད་པར་བརྟེན། ཨོ་རི་ས་ལ་འགྲོ་མཁན་ག་ཚོད་ཡོད་མིང་ཐོ་བསྡུ་རུབབྱེད་དུས་ཁྱོན་ཁྱིམ་ཚང་༢༩ བྱུང་ཡོད་འདུག་པ་དང་། མོན་པ་ཌི་ལ་སྤོ་མཁན་ཁྱིམ་ཚང་༤༨ ཙམ་ཞིག་བྱུང་ཡོད་པ་སྲིད་སྐྱོང་གིས་ལན་འདེབས་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ་དང་བསོད་ནམས་ཕུན་ཚོགས།