གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༤ པ་མུ་མཐུད་འགྲོ་ཐུབ་མ་སོང་།
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༤ པར་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག ཤེས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད། ཁ་སང་གི་འཕྲོ་མུ་མཐུད་དེ་ཕྱིན་ཡོད་པ་དང་།

སྐབས་དེར་སྤྱི་འཐུས་རྣམ་པས་གཟའ་མཇུག་གི་སློབ་གྲྭ་ཁག་གཙོ་བོར་བྱས་པ། དགོན་པ་ཁག་སོགས་ལ་ཤེས་རིག་ནས་རིན་མེད་ཐོག་སློབ་དེབ་ཀྱི་མཐུན་རྐྱེན་སྦྱོར་དགོས་པ། གཟའ་མཇུག་ཕྱག་ཁྱེར་ཕུལ་ན་དགེ་ཕན་ཆེ་སྐོར། ཕྲུ་གུ་ཚོར་རང་ལས་གཞན་གཅེས་ཀྱི་སློབ་གསོ་གཅིག་པུར་མིན་པར་ཐོག་མར་རང་གི་རྐང་པར་ལངས་ཏེ་ནུས་པ་འདོན་ཐུབ་པའི་སྤོབས་པ་རྙེད་པའི་སློབ་གསོ་སྤྲད་རྒྱུ། ཤེས་རབ་དགའ་ཚལ་སློབ་གླིང་གི་ད་ལྟའི་སློབ་མའི་ལོ་ཚད་༣༠ ཡིན་པ་དེ་འབྲེལ་གྱི་དཀའ་ངལ། མི་ནི་སོ་ཊའི་སློབ་གྲྭ་གསར་རྒྱག་ལ་མངགས་བརྗོད་དང་། དེ་འདྲ་བ་དགོས་པའི་དགོངས་ཚུལ། ཤེས་རིག་གི་མཐུན་རྐྱེན་འོག་ཡོད་པའི་འབུམ་རམས་པ་གྲངས་ཚད། བོད་ཡིག་དགེ་རྒན་ལ་ཆ་རྐྱེན་མེད་པའི་ཐོག་ནས་གོ་སྐབས་སྤྲོད་དགོས་པ། རྡ་ཤོད་སློབ་གྲྭའི་ནང་ཕྱི་རྒྱལ་ནས་ཕེབས་པའི་སློབ་ཕྲུག་ལྔ་ཡོད་པ་དང་། ཟས་གོས་གནས་མལ་གྱི་ཆེད་དུ་ཟླ་རེ་ལ་ཨ་སྒོར་༣༥༠ ་སྤྲོད་དགོས་ཀྱི་ཡོད་པ། དེ་དག་གི་ཟ་མ་སྔ་དགོང་ཚང་མར་ཀྲེང་མོག་བྱིན་པར་བརྟེན་སློབ་ཕྲུག་གཅིག་གིས་ཐེངས་༣༩ ཡར་ཞུ་བྱས་པའི་སྐོར། སློབ་ཕྲུག་དེ་དག་གི་ཟས་གོས་གནས་མལ་ཡར་རྒྱས་གཏོང་དགོས་པ། སློབ་ཕྲུག་རྣམས་ལ་སློབ་གསོའི་བརྒྱུད་རིམ་ནང་མི་རིགས་ཀྱི་འཐབ་རྩོད་དང་ལར་ཞེན་ཡོད་པ་ཞིག་བསྐྱངས་ཏེ་འཁུམ་མ་བསྡད་པ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ། བོད་ནང་གི་སློབ་གྲྭ་ཁག་གི་གནས་སྟངས་དང་འབྲེལ་བཙན་བྱོལ་ནང་གི་མཐོ་སློབ་ཁག་ནས་ཐོན་པའི་རིག་གནས་ཅན་ཚོར་ཆེ་མཐོང་དགོས་པ་སོགས་ཀྱི་བསམ་ཚུལ་དང་དོགས་འདྲི་ལ།
བཀའ་ཤག་ནས་སློབ་དེབ་རིན་མེད་དང་ཤེས་ཡོན་སོགས་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ལ་དགོས་ངེས་ཀྱི་གཟེངས་བསྟོད་དང་ཕྱག་ཁྱེར་འབུལ་རྒྱུ། འབུམ་རམས་པ་གྲངས་ཉི་ཤུའི་མཚན། ཤེས་རབ་དགའ་ཚལ་སློབ་གླིང་ལ་སློབ་མ་༢༢ ་དང་དགེ་རྒན་ལས་བྱེད་ཀྱི་གྲངས་༨ ཡོད་པ། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མའི་ལོ་ཚད་སུམ་ཅུ་ལས་བརྒལ་ན་གང་བྱུང་ཆགས་འགྲོ་བ་དང་། ཁོར་ཡུག་ཆུང་ཆུང་ཡིན་པས་ལོ་ཆེ་ཆུང་ཚང་མ་འཛོམས་ས་མེད་པ། རྡ་ཤོད་སློབ་གྲྭར་དང་པོ་མི་བརྒྱད་ཡོད་པ་དང་དེ་ནས་ལྔ་བར་ཉུང་དུ་སོང་བའི་སྐོར། གཞན་ཡང་ད་ལྟའི་ཆར་དབང་པོ་སྐྱོན་ཅན་དང་རིག་ཚོ་མ་ཟིན་པ་༣༠༠ ་ལྷག་ཡོད་པ་སོགས་བཀུར་འོས་སྤྱི་འཐུས་ཁག་གི་དོགས་དྲི་ལ་ལན་འདེབས་གསལ་བཤད་གནང་སོང་།
དེ་བཞིན་སྐབས་༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ལས་ཉིན་༤ ་པར་ཤེས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་འགྲོ་བཞིན་པའི་སྐབས། གཞི་རིམ་མི་མང་ལས་འགུལ་ཚོགས་པའི་ལས་འགུལ་བ་ཚོས་སྤྱི་འཐུས་ཁ་ཤས་ཀྱི་མིང་འབོད་བཞིན་གངས་སྐྱིད་མདུན་ཐང་དུ་སྐད་འབོད་བརྒྱབས་པ་དང་། སྐབས་དེར་བདེ་སྲུང་བཀའ་བློན་ཕེབས་སྐབས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མར་དོན་ཤོག་ཅེས་སྐད་བརྒྱབས་པས། བདེ་སྲུང་བཀའ་བློན་གྱིས་བཟང་སྤྱོད་ཐོག་ནས་ལས་འགུལ་སྤེལ་དགོས་པ་སོགས་ཀྱི་ལམ་སྟོན་གནང་སོང་། གྲོས་ཚོགས་ཚོགས་ཐུན་༣ ་པ་གྲོལ་ཡང་སྐད་འབོད་མུ་མཐུད་བརྒྱབས་པར་བརྟེན། སྤྱི་འཐུས་ཚོ་ཉིན་གུང་གི་ཞལ་ལག་ཕེབས་པར་འགོག་རྐྱེན་བཟོས་སོང་ལ། ཉིན་རྒྱབ་སྤྱི་འཐུས་ཀྱི་གྲུབ་ཆ་མ་ཚང་བའི་དབང་གིས་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་མེད་པ་རེད། གྲོས་ཚོགས་ཚོགས་མ་ཐུབ་པའི་གནས་ཚུལ་དང་འབྲེལ། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་སྒེར་གྱི་ངོ་དེབ་ཐོག་ཏུ་’’གྲོས་ཚོགས་ཀྱི་ཕེབས་ལམ་བཀག་སྟེ་འཇིགས་སྐུལ་གྱི་བྱ་སྤྱོད་ཚད་ལས་བརྒལ་བ་སྤེལ་རྐྱེན་བདེ་སྲུང་ལས་ཁུངས་ནས་འགན་འཁུར་མ་ཐུབ་པར་བརྟེན། དེ་རིང་གྲོས་ཚོགས་འཚོགས་ཐུབ་མ་སོང་”་ཞེས་སྤེལ་འདུག
དེ་བཞིན་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེས་སྒེར་གྱི་ངོ་དེབ་ཐོག་ཏུ་”འབྲེལ་ཡོད་མང་པོ་ཞིག་གིས་གྲོས་ཚོགས་འཚོགས་མ་ཐུབ་ནས་ག་རེ་བྱུང་རེད་ཅེས་འདྲི་མཁན་བྱུང་། འདིར་དེ་དག་ལ་དཀྱུས་གཅིག་ཏུ་ལན་ཞིག་བཏབས་ན། གྲོས་ཚོགས་ཚོགས་འདུའི་ལས་ཉིན་བཞིའི་རིང་། གཞི་རིམ་མི་མང་ཡིན་ཟེར་མཁན་གྱི་རྒན་ཁོག་ཁག་ཅིག་གིས་སྤྱི་འཐུས་རྣམ་པར་ཉིན་ལྟར་ལམ་ཁ་ནས་ཕར་འགྲོ་ཚུར་འོང་བྱེད་དུས་ཅ་ལག་གཡུགས་པ་དང་། མཆིལ་མ་གཡུགས་པ་དང་། ཚིག་ངན་སྨྲས་པ་དང་སྐུར་བ་བཏབས་པ་སོགས་བྱས་ཡོད། ཡིན་ནའང་ད་བར་གྲོས་ཚོགས་འཐུས་མི་རྣམ་པས་བཟོད་སྒོམ་བྱས་ཏེ་ལས་ཉིན་བཞི་པའི་བར་དུ་ཁུངས་འཁྱོལ་ཙམ་བྱུང་། རྒན་ཁོག་དེ་དག་དེ་རིང་གྲོས་ཚོགས་ཉེ་འགྲམ་དུ་ཡོང་སྟེ་སྐད་ཅོར་ཚད་མེད་བརྒྱབ་ནས་བར་ཆད་བཟོ་ཐབས་བྱས་པའི་ཁར། ལམ་ཁ་བཀག་ནས་ཉིན་གུང་ཞལ་ལག་བཟའ་ག་བཅར་བར་འགོག་རྐྱེན་བཟོས། མིའི་བདེ་འཇགས་དང་འབྲེལ་བའི་གནད་དོན་དེ་བདེ་སྲུང་ལས་ཁུངས་ནས་འགན་འཁུར་ཐུབ་ཀྱི་མེད་པའི་བཀའ་ལན་འབྱོར་བ་ལྟར། གྲོས་ཚོགས་མུ་མཐུད་མཇུག་སྐྱོང་ཐབས་བྲལ་བ་གྱུར་སོང་”ཞེས་སྤེལ་འདུག།
གསར་འགོད་པས་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་རྡོ་རིང་བསྟན་འཛིན་ཕུན་ཚོགས་གཉིས་ལ་བཅར་འདྲི་ཞུས་པར། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ཀྱིས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོན་པ་དེ་ཡང་ཞུ་གཏུག་བྱེད་མཁན་འདི་ནས་ཡར་བསླེབས་མ་བསླེབས་ཀྱི་སྐད་ཆ་ཞིག་དང་། ཉིན་གུང་སྤྱི་འཐུས་རྣམས་ཀྱི་ལམ་འགག་ཐར་མ་ཐར་གྱི་གནས་སྟངས་མང་པོ་ཆགས་སོང་། དེའི་གནས་སྟངས་ཀྱི་རྒྱུ་བྱས་པ་རེད། གང་ལྟར་གྲོས་ཚོགས་འཚོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡིན་ཞེས་དང་། དེ་བཞིན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ནས་གཙོ་བོ་གནད་འགག་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེ་ཚོའི་གནད་དོན་དེ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ། ཁྲིམས་ཞིབ་པ་བསྐོ་དགོས་ཀྱི་ཡོད་པ་དེ་ཚང་མ་ང་ཚོའི་ལས་འགན་ཡིན་པ་ཧ་གོ་གི་ཡོད། དེའི་ཆ་རྐྱེན་དང་དེ་འདྲའི་ཐོག་ནས་ད་ལྟ་བར་གནད་དོན་ཁ་ཤས་ཀྱི་ཐོག་ནས་འགྲོ་མ་ཐུབ་པ་ཆགས་ཡོད་རེད། དེ་རིང་ཡང་བསྐྱར་བཅོས་འཁུར་གྱི་ཡིན་གསུང་གི་ཡོད་རེད། ད་ལྟ་གྲོས་ཚོགས་ནང་ད་ལྟ་གཞི་ནས་བསླེབ་རྒྱུ་རེད། ཡིན་ཡང་གཞི་རིམ་མི་མང་ཡིན་ཟེར་ནས་རེ་འབོད་ཡིན་གསུང་གི་ཡོད་རེད། ཞི་བའི་ལས་ཀ་ཡིན་གསུང་གི་ཡོད་རེད། ད་དེ་རིང་རྣམ་པ་ཚང་མས་གཟིགས་ཡོད་པའི་གནས་སྟངས་འདི་རེད། ང་ཚོས་བདེ་སྲུང་ལས་ཁུངས་ལ་སྐད་ཆ་ཞུས་པ་ཡིན། དངོས་གནས་བྱས་ན་ནམ་རྒྱུན་ལས་འགུལ་སྤེལ་མཁན་དེ་ཚོ་མ་གིར་བཞུགས་དགོས་ཀྱི་ཡོད་རེད། ཁོང་ཚོས་ཡི་གེ་དེ་ང་ཚོའི་ལག་པ་ལ་སྤྲད་བཞག་ཡོད་རེད། དེ་ལ་ང་ཚོས་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་རེད། ཡིན་ཡང་ཉི་མ་གསུམ་ནང་གི་ལས་རིམ་ནང་ག་རེ་ཡོད་པ་དེ་རྣམ་པ་ཚོས་གཟིགས་ཡོད་རེད། ཉི་མ་གསུམ་ནང་གི་ལས་རིམ་ནང་དུ་ཁོང་ཚོ་ལ་བདག་པོ་རྒྱག་གི་མི་འདུག་ཟེར་ནས་དེ་རིང་འདི་ནས་ཡར་ཤོར་ཡོང་གི་ཡོད་རེད། བདེ་སྲུང་བཀའ་བློན་རེད། བདེ་དྲུང་ཆེ་རེད་ལས་བྱེད་དང་ང་ཚོ་འདིར་སྐད་ཆ་མང་པོ་བྱེད་དུས། ཁོ་རང་ཚོ་ལ་ཡུལ་ཁྲིམས་ཀྱི་ཐོག་ནས་དབང་ཆ་སྤྲད་ཡོད་རེད། ང་ཚོ་བདེ་སྲུང་ལས་ཁུངས་ཀྱིས་སྤྲད་པ་མིན། བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་ཐུབ་ཀྱི་མི་འདུག་ཅེས་གསུང་གི་ཡོད་རེད། རྣམ་པ་ཚོས་གཟིགས་ཡོད་རེད། ང་ཚོ་མང་པོ་ཞིག་གི་མིང་འབོད་ཀྱི་ཡོད་རེད། དེའི་ནང་དུ་ད་ལྟ་བར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་འགན་ག་རེ་ཁུར་ཡོད་མེད་རྣམ་པ་ཚོས་གཟིགས་ཡོད་རེད། མིང་འབོད་ཡར་ཡོང་བྱེད་དུས། བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་ཐུབ་ཀྱི་མེད་པ་ཡིན་ན། ང་ཚོ་གྲོས་ཚོགས་ལ་ཡོང་ཐུབ་ཀྱི་མི་འདུག་ཟེར་ཡས་ཀྱི་གནས་སྟངས་དེ་ལ་བསླེབས་ཡོད། བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་ཐུབ་ཀྱི་ཡོད་ན། ང་ཚོའི་ཕྱོགས་ནས་མི་མང་པོ་ཡོད་རེད། ནམ་ཉིན་མཚན་མེད་པར་ཁ་པར་བཏང་ནས་ཡོང་དགོས་འདུག་གེ། ཁྱེད་ཚོ་ལ་དཀའ་ལས་མི་འདུག་གེ་ཟེར་མཁན་མང་པོ་ཡོད། ད་ལྟ་བར་དུ་ང་ཚོས་ཡོང་ན་འགྲིག་གི་མ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུང་ན་ཡི་ཚད་རེད། ང་ཚོ་འདིར་ལ་འཁྲུག་པ་ཤོར་ན་ཡག་པོ་ཡོད་མ་རེད་ཅེས། དེའི་གནས་སྟངས་ཞུས་བཞག་ཡོད་རེད། བདེ་སྲུང་ལས་ཁུངས་ཀྱིས་འགན་ཁུར་ཐུབ་ཀྱི་ཡོད་ན་ང་ཚོ་གྲོས་ཚོགས་ལ་ཡོང་གི་ཡིིན། འགན་ཁུར་ཐུབ་ཀྱི་མེད་ན། ང་ཚོས་ཀྱིང་འགན་ཁུར་ཐུབ་ཀྱི་མི་འདུག་ཅེས་གནས་སྟངས་དེ་འདྲ་ཞིག་བསླེབས་ཡོད་ཅེས་བརྗོད་གནང་སོང་། དེ་བཞིན་སྤྱི་འཐུས་ཟླ་བ་ཚེ་རིང་ནས་ཚོགས་གཙོས་གྲུབ་ཆ་ལོན་གྱི་མི་འདུག གྲུབ་ཆ་ལོན་པ་ཡིན་ན་ཁྱེད་རང་ཚོ་ལན་བྱེད་ཡོང་གསུང་གི་འདུག དེ་བཞིན་མི་མང་གི་གཞུང་རེད། མི་མང་གིས་བདག་པོ་རྒྱག་དགོས་རེད། ལྷག་དོན་ཁོང་ཚོས་སྐད་ཆ་བཤད་ཡ་དེ། བོད་མིའི་སྒྲིག་འཛུགས་སྲ་བརྟན་དགོས་ཡོད་ཟེར། དེ་ལབ་ཀྱི་ཡོད་རེད། བདག་པོ་རྒྱག་དགོས་རེད་ཅེས་བརྗོད་སོང་།
ཕྱི་དྲོར་གཞི་རིམ་མི་མང་གི་ལས་འགུལ་སྣེ་ཁྲིད་པ་རྣམས་བདེ་སྲུང་ནས་ལས་ཁུངས་སུ་སྐད་བཏང་སྟེ་ལས་འགུལ་སྤེལ་སྐབས་ཀྱི་རྩ་འཛིན་ལམ་སྟོན་གནང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།