གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གཉིས་པར་ནང་སྲིད་ཀྱི་ལས་བསྡོམས་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་ལན་འདེབས་བཅས་གནང་།
ཁ་སང་ཚོགས་དུས་བཞི་པར་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༣-༢༠༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་སོགས་ཚར་རྗེས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་བཙུགས་ནས་དེ་རིང་ལས་ཉིན་གཉིས་པའི་ཚོགས་དུས་སུ་༤ པར་མཇུག་བསྒྲིལ་སོང་།
ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། བཀུར་འོས་སྤྱི་འཐུས་རྣམ་པས་རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི་དང་གཞིས་ཆགས་དང་འབྲེལ་བའི་ས་ཁང་གི་སྒྲིག་གཞི་རྣམས་མི་མང་རྣམས་ལ་ངོ་སྤྲོད་གསལ་པོ་བྱེད་དགོས་པ། སོ་ནམ་སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ལས་གཞི་མུ་མཐུད་རྒྱ་སྐྱེད་གཏོང་དགོས་པ། རྡ་ས་མེག་གྷན་བོད་མིའི་སྡོད་ཁང་གི་ས་ཆའི་ཁྲིམས་མཐུན་དཀའ་ངལ་སེལ་ཐུབ་མིན་སྐོར། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ། འཛུགས་སྐྲུན་ཚད་ལྡན་ཡོད་མེད་ཀྱི་དགེ་སྐྱོན། གཞིས་ཆགས་གསར་པ་དག་སྔོན་གྱི་གཞིས་ཆགས་ཁག་ལྟར་སྟོང་པ་མི་ཆགས་པའི་ཐབས། སྐུའི་ཡང་སྲིད་དང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་གནས་དགོས་མིན་སོགས་གཞིས་ཆགས་ཁག་ཏུ་བསམ་ཚུལ་དང་ས་ཡིག་བསྡུ་རུབ་སོགས་དང་། གཞོན་སྐྱེས་ཚོའི་བསམ་བློའི་ནང་མི་རིགས་དང་འཐབ་རྩོད་ཀྱི་འདུ་ཤེས་དགོས་པ་དང་ཆོས་དང་རིག་གཞུང་གི་འདུ་ཤེས་དགོས་གལ་ཆེ་བ། སྤྱི་ཚོགས་ནང་གི་ཉམས་ཐག་གི་དཀའ་ངལ་སོགས་ཀྱི་ཐོག་ལ་དགོངས་ཚུལ་གསུངས་པ་དང་དོགས་དྲི་གནང་བར། ནང་སྲིད་བཀའ་བློན་གྱིས་གཞིས་སྤོའི་ལས་གཞི་དང་འབྲེལ་ད་ལྟའི་གནས་སྐབས་སུ་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་སྤོ་རྒྱུ་ཡིན་ཟེར་མཁན་ཁྱིམ་ཚང་༤༢༦ དང་བདེ་སྐྱིད་སླར་གསོ་ལ་ཁྱིམ་ཚང་གྲངས་༩༥། མོན་གྷོཊི་ལ་ཁྱིམ་ཚང་གྲངས་༩༨། ཧོང་སུར་ལ་ཁྱིམ་ཚང་ལ་གྲངས་༤༦ ། ཀོ་ལི་གྷལ་ལ་ཁྱིམ་ཚང་གྲངས་༡༨ ། ཨོ་ཊི་ཤ་ལ་ཁྱིམ་ཚང་གྲངས་༢༣། མན་སྤར་གཞིས་ཆགས་སུ་ཁྱིམ་ཚང་གྲངས་༥༠ ། ཏི་ཛུ་གཞིས་ཆགས་སུ་སྤོ་རྒྱུ་ཡིན་ཟེར་མཁན་ཁྱིམ་ཚང་གྲངས་༣༢ སོགས་ཁྱོན་བསྡོམས་ཁྱིམ་ཚང་གི་གྲངས་༡༨༢༢ ཡོད་པའི་ནང་ནས་ཁྱིམ་ཚང་གྲངས་༨༥༢ ་སྤོ་རྒྱུའི་ཐོ་འགོད་བྱས་ཡོད་པ།
གཞན་ཡང་། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་གྱི་ནང་ཉམས་ཐག་ཁྱོན་བསྡོམས་༦༩༢ ་ཙམ་ཡོད་པའི་སྐོར་དང་། ལྷག་པར་དུ་བྷན་ད་ར་ནོར་རྒྱས་གླིང་གི་མཉམ་འབྲེལ་དྲུང་ཆེ་བརླགས་པའི་གནས་ཚུལ་དང་འབྲེལ། ནང་སྲིད་བཀའ་བློན་གྱིས་ཡུལ་ཁྲིམས་ཀྱི་ཆ་ནས་ནང་སྲིད་ལས་ཁུངས་ཀྱིས་དོ་བདག་ཁྲིམས་ལ་གཏུག་ཆོག་གི་མེད་པར་བརྟེན། ནང་སྲིད་ལས་ཁུངས་ཀྱིས་འགན་འཛིན་ལྷན་ཚོགས་ལ་ཁྲིམས་གཏུག་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ། ས་ཡིག་དང་མཚན་རྟགས་བསྡུ་རུབ་ཐད་ཀྱང་འཛིན་སྐྱོང་ནས་བཀའ་བཏང་བ་ཞིག་མིན་པར་ནང་སྲིད་བརྒྱུད་ས་གནས་སོ་སོ་ནས་ཚོགས་པ་རེ་རེ་ནས་གང་ཟག་རེ་རེ་བྱས་ནས་ས་ཡིག་དགོས་པ་མིིན་པར། རང་མོས་ཀྱིས་འཐུས་མི་རེས་ས་ཡིག་དང་མཚན་རྟགས་བསྡུ་རུབ་གནང་ན་འགྲིག་གི་ཡོད་པ། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་རྒྱ་ནག་གིས་གང་ཡང་བྱེད་མི་ཐུབ་ཀྱང་། དེ་དག་རྗེས་མ་གོ་སྟོན་སྔོན་ལ་༧གོང་ས་མཆོག་ལ་སྤྱན་བསྟར་ཞུ་རྒྱུ་དང་། མ་འོངས་པ་རྒྱལ་སྤྱིའི་ཐོག་སྟོན་རྒྱུར་ཐོགས་ཡོད་སྐོར། དེའི་ཐད་བཀའ་ཤག་གི་ངོས་ནས་ལངས་ཕྱོགས་དྲུག་བཟུང་ནས་ལས་གཞི་འགྲོ་བཞིན་ཡོད་སྐོར་སོགས་ཀྱི་ལན་འདེབས་གསལ་བཤད་གནང་ནས་ནང་སྲིད་ལས་ཁུངས་དང་འབྲེལ་བའི་ལས་བསྡོམས་སྙན་སྒྲོན་དང་ལན་འདེབས་གསལ་བཤད་ལེགས་པར་གྲུབ་སོང་ལ། དེའི་རྗེས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་༢༠༢༣- ༢༠༢༤ ལོའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས། སྙན་ཐོ་ནང་གསལ་གྱི་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གནང་རྗེས་ལས་ཉིན་གཉིས་པ་བདེ་ལེགས་ངང་གྲོལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།