གྲོས་ཚོགས་ལས་ཉིན་༩ པར་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་དང་འབྲེལ་ཏེ་བགྲོ་གླེང་གཙོ་བོ་གནང་སོང་།
ཕྱི་ཟླ་༣་པའི་ཚེས་༢༦ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་དགུ་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས། མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། སྔོན་རྩིས་གཏན་འབེབས་གནང་སོང་། ཚོགས་ཐུན་དང་པོའི་ཐོག་ བལ་ཡུལ་སྣེ་ལེན་ཁང་གི་རྒྱུན་གྲོན་དང་། སོ་ན་ལི་སྣེ་ལེན་ཁང་གི་རྒྱུན་གྲོན། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དམིགས་བསལ་དང་། ཟུར་བཀོལ་སྔོན་རྩིས་བཅས་གཏན་འབེབས་གནང་རྗེས།

ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་སློབ་གྲྭ་ཁག་གི་དཔེ་མཛོད་ཀྱི་དཔེ་དེབ་ཆེད་དངུལ་འབོར་ཡོད་མེད། ན་ནིང་ལོ་གཅིག་གི་ནང་བྱིས་དེབ་ག་ཚོད་བཏོན་ཡོད་མེད། སློབ་གྲྭ་ཁག་ཅིག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་དང་། རྒྱ་གར་གྱི་ཡུལ་མིས་སློབ་གྲྭ་ཁག་ཅིག་གི་ས་ཐོག་ཏུ་ཁང་པ་བརྒྱབ་པའི་གནས་ཚུལ་ཐོན་ཡོད་པ་དངོས་ཡོད་ཡིན་མིན། བོད་པའི་གོམས་གཤིས་དང་ལུགས་སྲོལ་དང་མཐུན་པའི་བྱིས་སྒྲུང་གི་བརྗོད་བྱ་དང་། འགུལ་བརྙན་སོགས་ཇེ་ལེགས་སུ་གཏོང་དགོས་པ། སློབ་གྲྭའི་ནང་རྩེད་ཐང་དང་ཁང་པ་སོགས་ཀྱི་མཐུན་རྐྱེན་ལེགས་ན་ཡང་། དགེ་རྒན་གྱི་གླ་ཕོགས་དང་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཡིན་པ། ཡུལ་མི་བོད་པའི་སློབ་གྲྭ་ཁག་ཏུ་འཇུག་པར་ཆ་རྐྱེན་ག་རེ་ཚང་དགོས་མིན། བོད་ཀྱི་ཆབ་སྲིད་བཙོན་པ་ཙམ་མ་ཡིན་པར། བོད་དོན་འཐབ་རྩོད་པ་དང་རང་བཙན་འཐབ་རྩོད་བྱེད་མཁན་ཚོ་ཡང་སློབ་ཕྲུག་དང་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་རྒྱུ་གལ་ཆེ་བ། སློབ་གྲྭ་ཟླ་སྒྲིལ་བཏང་རྗེས། ས་ཁང་སྟོང་པ་ལྷག་པ་དེ་དག་བེད་སྤྱོད་ཡག་པོ་གཏོང་ཐུབ་དགོས་རྒྱུ་དང་། གཟའ་འཇུག་སློབ་གྲྭ་ཁག་གི་དགེ་རྒན་ལས་བྱེད་ཀྱི་ཚོགས་ཆེན་ཞིག་འཚོག་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་ཐོག་ལ་དོགས་འདྲི་དང་དགོངས་ཚུལ་ཕུལ་བར། དཔལ་ལྡན་ཤེས་རིག་བཀའ་བློན་གྱིས་ཨ་རིའི་རོགས་དངུལ་མཚམས་འཇོག་བྱས་ཡོད་ན་ཡང་། ཨ་རིའི་བོད་མིའི་སློབ་ཡོན་(2022 Tibetan Scholarship Program) མུ་མཐུད་གནས་བཞིན་ཡོད་པ་དང་། ཤེས་རིག་ལས་ཁུངས་ཀྱིས་སྦྲགས་གླ་ཕུད་གཟའ་མཇུག་སློབ་གྲྭ་ཁག་ལ་སློབ་དེབ་རིན་མེད་ཕུལ་དང་འབུལ་བཞིན་ཡོད་པ་སོགས་ལན་འདེབས་གསལ་བཤད་གནང་རྗེས། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ། ཟུར་བཀོལ་སྔོན་རྩིས། སམ་བྷོ་ཊའི་བོད་སློབ་ཚོགས་པའི་ཟུར་བཀོལ་སྔོན་རྩིས་སོགས་གཏན་འབེབས་གནང་སོང་།
དེ་བཞིན་ཚོགས་ཐུན་འཕར་མ་ཞིག་དཔལ་ལྡན་ཚོགས་གཞོན་དབུ་བཞུགས་ཐོག་དབུ་འཛུགས་གནང་ཞིང་། སྤྱི་འཐུས་རྣམ་པས་ནང་སྲིད་དང་འབྲེལ་བ་སོགས་ཀྱི་དགོངས་ཚུལ་དང་དོགས་འདྲི་ཕུལ་བར། ནང་སྲིད་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་སྐབས་ལས་ཉིན་དགུ་པ་གྲོལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།