གྲོས་ཚོགས་ལས་ཉིན་གཉིས་པར་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་བཅས་གནང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གཉིས་པ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ཞིང་། སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་དྲི་བའི་དོན་གནད་ཁག་ལ་དཔལ་ལྡན་དཔལ་འབྱོར་བཀའ་བློན་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལན་འདེབས་གསལ་བཤད་གནང་སོང་།
སྐབས་དེར་སྤྱི་འཐུས་རྣམ་པས། ཆབ་སྲིད་ཀྱི་ཐོག་འགྲོ་གྲོན་མང་དུ་གཏོང་དགོས་པ་དང་། ཨ་རིའི་རོགས་དངུལ་ཆད་པ་དེའི་སྐོར་ཁ་གསལ་དགོས་པ། རོགས་དངུལ་ཆད་པ་དང་བསྟུན། འཛུགས་བསྐྲུན་གྱི་ལས་གཞི་ཉུང་དུ་གཏོང་དགོས་པ། སྤྱི་ཚོགས་ནང་མཐུན་སྦྱོར་རོགས་རམ་གནང་བའི་སྐབས། མིའི་ངོ་ལ་བལྟས་པ་དང་དབྱེ་བ་མང་པོ་ཕྱེས་ནས་སྤྱི་ཚོགས་ནང་འཁྲུག་ཐེབས་པ་དང་། རོགས་རམ་ཚད་ལྡན་ཡོང་གི་མེད་པའི་ཐོག་དགོངས་པ་བཞེས་དགོས་པ། ཨ་རིའི་རོགས་དངུལ་ཆད་པར་བརྟེན། རང་དབང་ལུང་པའི་ནང་ཡོད་མཁན་འགས་ཨ་རིའི་གཞུང་དང་སྲིད་འཛིན་ལ་ཟུར་ཟ་དང་དམའ་འབེབས་བྱེད་མཁན་རྣམས་ཀྱིས་ཀྱང་ཡིད་གཟབ་བྱེད་དགོས་པ། ཨ་རི་མེ་ནི་སོ་ཊའི་འཛུགས་སྐྲུན་ལས་གཞིར་ཨ་སྒོར་ས་ཡ་བཞི་ཡུལ་ཁྲིམས་ཀྱི་ཆ་རྐྱེན་ལྟར་སྐྱེད་ཀ་དང་བུན་གཡར་ཕྱིར་སློག་གི་དུས་མཚམས་ཀྱི་འཆར་གཞི། རང་ཁ་རང་གསོ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་བཀའ་ཤག་ལ་འཆར་གཞི་ག་རེ་ཡོད་མེད་སོགས་ཀྱི་དོགས་དྲིས་དང་དགོངས་ཚུལ་བཏོན་པར།
དཔལ་ལྡན་དཔལ་འབྱོར་བཀའ་བློན་གྱི་ལན་འདེགས་གསལ་བཤད་སྐབས། མེ་ནི་སོ་ཊའི་ས་ཆ་ལ་དམིགས་སུ་བཟུང་ནས་ཟླ་བ་མང་པོ་ཕྱིན་ཡོད་པ་དང་། དེ་སྔོན་ས་ཆ་ཞིག་བལྟས་ཀྱང་གཞན་ལ་ཤོར་ཟིན་པས། ད་ལྟའི་ས་ཆ་ཨེ་ཀར་༨༠ དེ་དུས་ངེས་ཅན་ཞིག་གི་ནང་ཉོ་མ་ཐུབ་ན་གཞན་ལ་ཤོར་ཉེན་ཡོད་པ་འགྲེལ་བརྗོད་གནང་སོང་ལ། བཀའ་ཤག་སྐབས་བཅུ་དྲུག་པའི་འཛུགས་བསྐྲུན་གྱི་ལས་གཞི་མང་ཙམ་ཚར་བ་ཡིན་ན། མ་འོངས་པར་རང་ཁ་རང་གསོའི་ལམ་ཁ་སྟབས་བདེ་རུ་འགྲོ་རྒྱུའི་བསམ་བློ་ཡོད་པའི་སྐོར་དང་། ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་རྒྱལ་སྤྱིའི་གཞོན་སྐྱེས་ཀྱི་ལོ་འཁོར་ཚོགས་ཆེན་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་གྲོན་སྒང་གཅོག་ཆ་གནང་མེད་པ་སོགས་ལན་འདེབས་གསལ་བཤད་གནང་སོང་།
དེ་བཞིན་ཉིན་རྒྱབ་ཚོགས་ཐུན་༤ པ་ནས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་བཅས་ཀྱི་ལས་རིམ་འགོ་འཛུགས་གནང་ཞིང་། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན། རྒྱུན་གྲོན། དམིགས་བསལ་དང་། ཟུར་ཕོག་སྔོན་རྩིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་ཕོག་སྔོན་རྩིས། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་བཅས་ཀྱི་སྔོན་རྩིས། ལྷོ་ཕྱོགས་བོད་མི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་དམིགས་བསལ་སྔོན་རྩིས། ལ་དྭགས་བོད་མི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་དམིགས་བསལ་སྔོན་རྩིས། སྐོར་བསྐྱོད་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་སྔོན་རྩིས། ས་གནས་འཐུས་མི་ཚོགས་འདུའི་རྒྱུན་གྲོན། དམིགས་བསལ་སྔོན་རྩིས། བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས། བདེ་སྲུང་ལས་ཁུངས་ཀྱི་རྒྱུན་གྲོན་སོགས་ཀྱི་སྔོན་རྩིས་བཅས་གཏན་འབེབས་གྲུབ་རྗེས། བདེ་སྲུང་ཐོག་སྤྱི་ཡོངས་བགྲོ་གླེང་དང་བདེ་སྲུང་བཀའ་བློན་གྱི་ལན་འདེབས་གསལ་བཤད་ཐོག་ལས་ཉིན་གཉིས་པ་མཇུག་བསྒྲིལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།