གྲྭ་བཙུན་ཚོར་འོས་ཐེངས་གཉིས་འཕེན་འཇུག་པ་དེ་མང་གཙོ་དང་འགལ་བ་རེད་ཟེར།
བཙན་བྱོལ་བོད་མིའི་ས་ཁུལ་ཁག་༦ ནས་མང་ཚོགས་བརྒྱ་ཆ་༧༠ ཡིས་གྲྭ་བཙུན་རྣམ་པར་འོས་ཐེངས་གཉིས་འཕེན་འཇུག་པ་དེ་མང་གཙོ་དང་འགལ་གྱི་ཡོད་པ་དང་། བརྒྱ་ཆ་༧༤ ཡིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀ་སྔར་མུས་བཞིན་དགོས་པ་སོགས་ཀྱི་བསམ་ཚུལ་བྱུང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པ་ཡོལ་ཙམ་ལ་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་གསར་འགོད་ལྷན་ཚོགས་ཞིག་བསྐོངས་ནས། ཚོགས་པ་གཉིས་པོས་འདི་ལོའི་ཕྱི་ཟླ་༧ པའི་ཚེས་༡༤ ནས་འགོ་འཛུགས་ཏེ་བདུན་ཕྲག་༢ རིང་བཙན་བྱོལ་བོད་མིའི་མང་གཙོའི་གོ་རྟོགས་གོང་འཕེལ་ཆེད། ས་གནས་ཁག་༦ གི་གཞིས་ཆགས་དང་དགོན་སྡེ། མཐོ་སློབ་ཁག་ཅིག་བཅས་སུ་བསྐོར་བསྐྱོད་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་སོང་།
ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཁག་གིས་ས་གནས་ཁག་ཏུ་སྣེ་ལེན་གོ་སྒྲིག་ཐོག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བ་དང་། བསྟན་འཛིན་ཉི་མ། ཁྲི་སོང་རྡོ་རྗེ། ཕུལ་བྱུང་བཅས་བོད་མིའི་གནས་སྡོད་ས་ཁུལ་ལྡེ་ར་ལྡུན་དང་། ལྡི་ལི། མོན་གྷོ་ཌི། བྷེང་ལོར། ཨོ་རི་ས་རྣམས་སུ་དངོས་སུ་བསྐོར་བསྐྱོད་ཀྱིས་ནམ་རྒྱུན་ནས་བཙན་བྱོལ་ནང་བགྲོ་གླེང་བྱེད་གཞིའི་མང་གཙོའི་སྐོར་གྱི་དྲི་བ་༡༥ ལ་བསམ་ཤོག་བསྡུ་ལེན་དང་། དེ་དག་སྐོར་གྱི་བརྙན་པར་བཅས་བླངས་འདུག བརྙན་པར་རྣམས་སང་ཉིན་ཕྱི་ཚེས་༢ མང་གཙོ་དུས་ཆེན་ནས་འགོ་འཛུགས་ཀྱིས་ཟླ་འདིའི་ནང་གྲོས་ཚོགས་མ་འཚོགས་གོང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་ཐོག་དང་སྤྱི་ཚོགས་དྲ་རྒྱ་ཡུ་ཊུབ་(YouTube)ནང་རིམ་བཞིན་སྤེལ་ཚར་བ་བྱ་རྒྱུ་ཡིན་འདུག
སྐབས་དེར་བསྐོར་བསྐྱོད་གནང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་བསྟན་འཛིན་ཟླ་བས་གསུང་པ་ལྟར་ན། བསམ་ཤོག་ནང་དྲི་བ་༡༥ བཞག་ཡོད་པའི་ཁྲོད་ནས་དྲི་བ་༥ ཡི་ཐོག་མི་མང་གི་བསམ་ཚུལ་ཤུགས་ཆེན་བཏོན་ཡོད་པ་ལས། མི་མང་བརྒྱ་ཆ་༧༤ ཡིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀ་སྔར་མུས་བཞིན་དགོས་པ་དང་། བརྒྱ་ཆ་༧༤ ཡིས་སྔོན་འགྲོ་དང་དངོས་གཞི་གཉིས་བར་གྱི་དུས་ཡུན་ཐུང་དུ་གཏོང་དགོས་པ། འོས་བསྡུའི་སྐབས་བུད་མེད་ལ་དམིགས་བསལ་ས་མིག་དགོས་ཀྱི་འདུག་བརྗོད་མཁན་བརྒྱ་ཆ་༨༡ དང་། མི་དགོས་བརྗོད་མཁན་བརྒྱ་ཆ་༡༨ ལྷག་ཙམ་བྱུང་ཡོད་ཀྱང་། མི་དགོས་བརྗོད་མཁན་དེ་དག་ཕལ་ཆེ་བ་བུད་མེད་ཡིན་པ། བརྒྱ་ཆ་༧༠ ཡིས་གྲྭ་བཙུན་རྣམས་ལ་འོས་ཐེངས་གཉིས་འཕེན་རྒྱུའི་གོ་སྐབས་ཕུལ་བ་དེ་མང་གཙོའི་ལམ་ལུགས་དང་འགལ་ཡོད་པ་དང་། བརྒྱ་ཆ་༥༧ གྱིས་གྲྭ་བཙུན་རྣམས་ཆབ་སྲིད་ནང་ཞུགས་པར་དཀའ་ངལ་མེད་པ། སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཉིན་གཅིག་ལ་བྱས་པ་དེ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་འདོན་མཁན་བཅས་ཤུགས་ཆེར་བྱུང་ཡོད་འདུག
ས་གནས་སུ་བསྐོར་བསྐྱོད་གནང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད་ཁྲི་སོང་རྡོ་རྗེས་བསྐོར་བསྐྱོད་དང་འབྲེལ་བའི་ཐོག་ནས་མྱོང་ཚོར་གསུང་པ་ལྟར་ན། ས་གནས་ཁག་ནང་བསྐོར་བསྐྱོད་བྱས་ནས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱེད་སྐབས་མི་རབས་རྒན་པ་རྣམས་ལས་གཞོན་སྐྱེས་རྣམས་འཛུལ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་སྐོར་དང་། རྒྱུན་དུ་བརྒྱུད་ལམ་ཁག་ཏུ་དགེ་འདུན་པ་རྣམས་དེ་འདྲའི་གནད་དོན་ཐད་ཀྱི་བགྲོ་གླེང་སོགས་ལ་ཧུར་པོ་ཡོད་ཀྱང་། ད་ཐེངས་དངོས་སུ་དགོན་སྡེ་ཁག་ནང་ལས་འགུལ་སྤེལ་དུ་ཕྱིན་སྐབས་འཛུལ་ཞུགས་བྱེད་མཁན་དཀོན་པོ་བྱུང་ཡོད་སྐོར། མོན་གྷོ་དང་ཨོ་རི་ས་བཅས་ནས་གྲོས་ཚོགས་ཀྱི་ཐད་ཀར་རྒྱང་སྲིང་ལ་བལྟ་འདོད་ཆེན་པོ་ཡོད་ཀྱང་། མཐུན་རྐྱེན་མེད་པས་བལྟ་ཐུབ་ཀྱི་མེད་སྟབས་དཀའ་ངལ་དེ་སེལ་ཐབས་གནང་རྒྱུའི་རེ་བ་ཡོད་སྐོར་བརྗོད་མཁན་མང་པོ་བྱུང་སྐོར་དང་། ས་གནས་བུད་མེད་ལྷན་ཚོགས་ཁག་ནས་གོ་སྒྲིག་ཧ་ཅང་ལེགས་པོ་བྱས་ཡོད་སྐོར་བཅས་སོགས་གསུངས་སོང་།
གཞན་ཡང་གསར་འགོད་ལྷན་ཚོགས་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་སྒྲོལ་མ་དབྱངས་ཅན་གཉིས་ཆེད་ཕེབས་ཀྱིས་ལས་འགུལ་སྤེལ་བའི་དགོས་དམིགས་སོགས་ཀྱི་སྐོར་ལ་གསུང་བཤད་གནང་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།