གྲྭ་རིན་ཆེན་ཚུལ་ཁྲིམས་འཛིན་བཟུང་བྱས་ནས་ལོ་གཅིག་དང་ཟླ་བ་བདུན་ཙམ་འགོར་འདུག
ཟླ་འདིའི་ཚེས་༢༧ ཉིན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་༢༠༡༩ ཟླ་༨ ཚེས་༡ ཉིན་གྱི་དགོང་མོར་བོད་མདོ་སྨད་ཨ་མདོ་རྔ་བ་རྫོང་གི་ཀོར་མདོ་ཟེར་བའི་ས་ཚིགས་ཤིག་ནས་གྲྭ་རིན་ཆེན་ཚུལ་ཁྲིམས་དང་མཉམ་དུ་གྲྭ་བ་གཉིས་བཅས་རྔ་བ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག གྲྭ་བ་གཞན་གཉིས་ཉིན་ཤས་རྗེས་ནས་ཕྱིར་རང་དགོན་དུ་མངགས་ཡོད་འདུག་ཀྱང་། རིན་ཆེན་ཚུལ་ཁྲིམས་ནི་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་བསྙད་ནས་འཛིན་བཟུང་བཙན་ཁྲིད་བྱས་འདུག་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་འདུག
འབྲེལ་ཡོད་ཚོ་བརྒྱུད་ནས་གནས་ཚུལ་ཤེས་གསལ་བྱུང་བ་ལྟར་ན། ཕྱི་ལོ་༢༠༡༩ ཟླ་བ་༨ ཚེས་༡ ནས་བཟུང་ད་བར་ལོ་གཅིག་དང་ཟླ་བ་བདུན་ཙམ་སོང་ཡང་ད་དུང་ཁྲིམས་ཐག་གཅད་མེད་པ་དང་།ཕྱི་ལོ་༢༠༢༠ ཟླ་བ་༣པའི་ཚེས་༢༣ ཉིན་ནང་ལ་བརྡ་ཐོ་ཞིག་འབྱོར་འདུག་ལ་དེའི་ཐོག་ལ་རྒྱ་ནག་གཞུང་གི་ཁྲིམས་སྲོལ་ཨང་༡༢༤དེ་འགལ་ནས་རྒྱ་ཁབ་ངོ་ལོག་པ་ཡིན་པས་བརྡ་ཙམ་ལས། ཁོང་ནི་ད་ལྟ་རྔ་བ་ཁུལ་འབར་ཁམས་སུ་བཙོན་འཇུག་བྱས་ཡོད་མེད་ཙམ་ལས་ཁ་གསལ་མི་འདུག ཁོང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱེད་དགོས་པ་ནི་ཁོང་ལ་རྒྱུས་ཡོད་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན། གཅིག། ཕྱི་ལོ་༢༠༡༨ ལོར་ཁོང་གི་ནུ་བོ་ནོར་བུ་ཚེ་རིང་དང་མཉམ་དུ་ཐེངས་གཉིས་ལ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཕྱི་ཕྱོགས་ཀྱི་བོད་མི་ཁག་ཅིག་དང་མཉམ་དུ་བོད་དོན་གླེང་སློང་བྱས་ཡོད་པ་དེ་ཁོང་གི་སྐད་འཕྲིན་ཞིབ་གཤེར་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་འདུག དུས་དེ་ནས་བཟུང་གྲྭ་རིན་ཆེན་ཚུལ་ཁྲིམས་ཀྱི་སྐད་འཕྲིན་བེད་སྤྱོད་གཏོང་མི་ཆོག་པ་བཟོས་འདུག
གཉིས། ཕྱི་ལོ་༢༠༡༩ ལོའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་སྐུའི་འཁྲུངས་སྐར་གྱི་ཉིན་ལ་ཁ་པར་གྱི་ལམ་ནས་ཕྱི་རྒྱལ་ན་ཡོད་པའི་བོད་མི་ཞིག་དང་མཉམ་དུ་དུས་ཚོད་གཉིས་ལྷག་ལ་ཁ་བརྡ་བྱས་པའི་བརྒྱུད་རིམ་ཆ་ཚང་སྒྲ་འཇུག་བྱས་ཡོད་འདུག
གསུམ། སྦྲགས་ཁང་བརྒྱུད་ནས་ཕྱི་ལོག་གི་དཔེ་ཆ་གལ་ཆེན་མང་པོ་ཞིག་བོད་ནང་གི་ས་ཆ་གང་མང་ཞིག་ལ་འགྲེམས་སྤེལ་བྱས་ཡོད་པའི་ཉེས་འཛུགས་བྱས་འདུག
བཞི། ཆད་ལྟ་བ་ཞེས་པའི་ཁོང་རང་སྒེར་ཀྱི་རྩོམ་རིགས་དྲ་ཚིགས་ཀྱི་སྒོ་དེ་བརྒྱབས་ཡོད་པ་མ་ཟད། དེ་སྔོན་དྲ་ཚིགས་དེར་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་སྤེལ་ཡོད་པའི་ཉེས་འཛུགས་བྱས་འདུག
ལྔ། དེ་སྔོན་ཁོང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་རྒྱ་གར་དུ་སློབ་སྦྱོང་བྱེད་བཞིན་པའི་ཕ་མ་གཅིག་པའི་གཅུང་མོ་ཀུན་བཟང་སྒྲོལ་མར་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་ཁག་ལ་སོང་བའི་འདྲ་པར་ཁག་བཞག་ཡོད་པ་ནི་བོད་དོན་ཆབ་སྲིད་ལ་འབྲེལ་བ་ཡོད་པར་ཉེས་འཛུགས་བྱས་འདུག
རྒྱུ་མཚན་དེ་དག་ལ་བརྟེན་ནས་གྲྭ་གཞོན་ཤེས་ཡོན་ཅན་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དུས་རྟག་ཏུ་རྒྱ་གཞུང་ཉེན་རྟོག་པས་དོགས་ཟོན་དང་སྟངས་འཛིན་ནན་མོ་བྱས་ཡོད་པ་མ་ཟད། མཐར་ཁོང་འཛིན་བཟུང་བཙོན་འཇུག་དང་བཙན་ཁྲིད་བྱས་འདུག ད་ལྟ་རིན་ཆེན་ཚུལ་ཁྲིམས་ཀྱི་ཕ་མ་དང་ནང་མི་སྤུན་མཆེད། གྲོགས་པོ་རྣམས་ཀྱིས་ཁོང་གི་བདེ་ཐང་སོགས་ཀྱི་ཐད་ལ་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག འོན་ཀྱང་ཁོང་གི་ནང་མི་ནི་ཞིང་པ་ཁྱིམ་ཚང་དཀྱུས་མ་ཞིག་ཡིན་སྟབས། བཙོན་འཇུག་གི་གནས་ཚུལ་སོགས་ཀྱི་ཐད་ནས་ཡར་ཞུ་བྱེད་ས་དང་ཡ་ལན་བྱེད་མཁན་སུ་ཡང་མེད་པས་ཅི་བྱ་གཏོལ་མེད་དུ་གྱུར་འདུག
༡༽ གྲྭ་རིན་ཆེན་ཚུལ་ཁྲིམས་ནི། མདོ་སྨད་རྔ་བ་རྫོང་གི་དཀའ་ཤུལ་སྡེ་བའི་གཉེར་བ་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ལ་སྐྱེས་ཤིང་། ད་ལྟ་རང་ལོ་༢༩ཡིན་པ་དང་ཁོང་ལོ་དྲུག་ཙམ་ནས་མདོ་སྨད་རྔ་ཡུལ་གྱི་བོན་གྱི་དགོན་པ་ཆེ་ཤོས་སྣང་ཞིག་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་རྒྱུན་སྐྱོང་གིས་ད་ལྟ་སྔགས་ཀྱི་འཛིན་གྲྭ་ཐོན་ཡོད་འདུག
༢༽ སློབ་སྦྱོང་གི་སྐོར། གྲྭ་གཞོན་ཤེས་ཡོན་ཅན་རིན་ཆེན་ཚུལ་ཁྲིམས་ཀྱིས་བོན་གྱི་གཞུང་ཆེན་ཁག་ཐོས་བསམ་སྒོམ་གསུམ་གྱིས་སློབ་སྤྱོང་གནང་བ་དང་། དེ་ཡང་དང་པོའི་འཇུག་སྒོ་ཁ་དོག་དཀར་དམར་དང༌བསྡུས་ཆུང་འཛིན་གྲྭ་གཉིས། བསྡུས་འབྲིང་བསྡུས་ཆེན་འཛིན་གྲྭ་གཉིས། རྟགས་ཚད་མའི་འཛིན་གྲྭ་གཉིས། ཕར་ཕྱིན་འཛིན་གྲྭ་གཉིས། མཛོད་འདུལ་འཛིན་གྲྭ་གོང་འོག་གཉིས། དབུ་མ་གསར་རྙིང་འཛིན་གྲྭ་རྣམས་སློབ་མཐར་ཕྱིན་ནས་ད་ལྟ་སྔགས་ཀྱི་འཛིན་གྲྭ་ཡང་ཐོན་ལ་ཉེ་འདུག དེ་མཚུངས་རིག་གནས་ཆུང་བ་སྨན་རྩིས་སྒྲ་སོགས་ལ་སློབ་སྦྱོང་གནང་དང་གནང་བཞིན་པ་ཡིན་འདུག
༣༽ གཤིས་སྤྱོད་ཀྱི་སྐོར། ཁོང་གི་གཤིས་སྤྱོད་ལ་མཚོན་ན། ཆུང་དུས་ནས་བློ་རིག་རྣོན་པོ་ཞིག་དང་སྙིང་རུས་ཆེ་བ་ཞིག་ཡིན་པའི་ཁར། རྒྱུ་མཚན་གནས་ལུགས་ཀྱིས་དགག་སྒྲུབ་ལ་དགའ་མཁན་ཞིག་ཡིན་འདུག ད་དུང་སྤྱིར་ན་བསམ་བློ་གུ་ཡངས་པོ་ཅན་ཞིག་དང་། ལྷག་པར་དུ་བོད་མི་རིགས་དང་སྐད་ཡིག་གི་ཐད་ནས་རང་ཚུགས་ཡོད་མཁན་ཞིག་ཡིན་འདུག དེ་བཞིན་དུས་རྒྱུན་བག་ཡོད་ཚུལ་མཐུན་ངང་དུས་རྒྱུན་གནས་མཁན་ཞིག་ཡིན་པ་མ་ཟད། ཕྱི་ནང་གི་ཤེས་རིག་དང་ལོ་རྒྱུས་ལ་དོ་སྣང་དང་དོན་གཉེར་ཡོད་མཁན་ཞིག་ཀྱང་ཡིན་འདུག ཁོང་འཚར་ལོངས་བྱུང་ས་དང་སློབ་གཉེར་བྱེད་སའི་སྣང་གཞི་དགོན་ཆེན་གྱི་གྲྭ་པ་ཡོངས་དང་ལྷག་པར་ཁོང་གི་གྲོགས་པོ་ཉེ་འབྲེལ་ཀུན་གྱིས་ཤིན་ཏུ་དགའ་མོས་གནང་སའི་ཤེས་སྤྱོད་གཉིས་ལྡན་ཞིག་ཡིན་འདུག
༤༽ བསམ་བློ་གཏོང་ཕྱོགས་ཀྱི་སྐོར། ཁོང་གི་བསམ་བློ་གཏོང་སྟངས་ཀྱི་ངོས་འཛིན་ལ་ཆ་མཚོན་ན། བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་རྨང་གཞིའི་ཐོག དེང་དུས་ཀྱི་ཤེས་རིག་གི་རོགས་འདེགས་དགོས་པ་གཟིགས་མཁན་ཞིག་དང་། ཡང་དེང་དུས་དང་མི་མཐུན་པའི་ལམ་དང་ལུགས་སྲོལ་ལ་ངེས་པར་བཅོས་བསྒྱུར་བྱེད་དགོས་པའི་བསམ་བློ་གཏོང་མཁན་ཞིག་ཡིན་འདུག ལྷག་པར་མ་འོངས་བོད་ཀྱི་རེ་བ་ནི་བོད་རང་གི་སྐད་ཡིག་ལ་བྱང་ཆུབ་པའི་ཐོག བོད་རང་གི་རིག་གནས་ཀྱི་བསམ་བློའི་མ་རྩ་གཏིང་ཚུགས་པ་ཞིག་དགོས་པར་ངོས་འཛིན་ཡོད་མཁན་ཞིག་ཡིན་འདུག དེ་བཞིན་བོད་མི་རིགས་ཀྱི་ལ་རྒྱ་ཟེར་བ་དེ་མཐར་གཏུགས་ན་བོད་རང་གི་སྐད་ཡིག་འདི་སྲུང་སྐྱོབ་ཐུབ་མིན་ལ་ངོས་འཛིན་ཡོད་མཁན་ཞིག་ཡིན་པ་ནི་ཁོང་གི་རྩོམ་ཡིག་དང་གཏམ་བཤད། གླེང་མོལ་སོགས་ཀྱི་བརྒྱུད་རིམ་ནས་ཤེས་ཐུབ་པ་ཞིག་ཡིན་པ་མ་ཟད་འབྲེལ་ཡོད་མང་པོ་ཞིག་ནས་ཡང་དེ་ལྟར་བཤད་སོང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།