གློག་གི་ཐ་མག་གི་གནོད་སྐྱོན།

གློག་གི་ཐ་མག་གི་གནོད་སྐྱོན།

སྐལ་བཟང་དོན་གྲུབ།

14101582_1239250236098843_492789623_nའཛམ་གླིང་སྤྱི་ལ་ཐ་མག་འཐེན་མཁན་གྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པས། དེང་གི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་ནང་དུ་ཡང་ཐ་མག་འཐེན་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད། ཐ་མག་གི་ཉེས་སྐྱོན་ལ་གཞིགས་ན། དེ་སྤོང་ཐབས་བྱེད་མཁན་ཡང་མང་པོ་ཡོད་པ་དང་།  ཉེ་བའི་ལོ་ཤས་སྔོན་ནས་གློག་གི་ཐ་མག་ཅེས་པ་ཞིག་གསར་དུ་ཁྲོམ་རར་ཐོན་ཡོད་པ་རེད། དེ་ཡང་དེའི་ནང་དུ་ཐ་མག་གི་རྫས་དང་བྲོ་བ་འདྲ་མིན་གྱི་རླན་གཤེར་བསྲེས་པའི་ཁུ་བ་ཡོད་པ་དང་། ཅ་དངོས་དེའི་གློག་རྫས་ཀྱིས་ཁུ་བ་དེ་རླང་པ་རུ་འགྱུར་གྱི་ཡོད་པ་དེ་ཐ་མག་འཐེན་མཁན་གྱིས་འབྱིན་རྔུབ་བྱེད། ཅ་དངོས་དེ་ཁྲོམ་རྭར་ཐོན་སྐབས་སུ་བཟོ་སྐྲུན་བྱེད་མཁན་ཚོས། ཐ་མག་དེས་རྒྱུན་དུ་ཐ་མག་འཐེན་པར་ངན་ལངས་ཤོར་བ་རྣམས་ཀྱིས་ཐ་མག་གཅོད་པར་ཕན་ཐོགས་པ་མ་ཟད་། དེའི་ནང་དུ་ཐ་མག་གི་རྫས་ཀྱི་ཚད་གཞི་ཉུང་བ་ཡོད་པས། འཕྲོད་བསྟེན་ལ་ཡང་གནོད་ཉུང་བ་སྐྱེལ་གྱི་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ཚོང་ཁང་ཁག་ནང་ལ་གློག་གི་ཐ་མག་བཙོང་མཁན་མང་པོ་ཆགས་ཡོད་པ་དང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཨལ་ཇེ་ཛཱ་རས་(Aljazeera)བཏོན་པའི་ཞིབ་འཇུག་ལ་གཞིགས་ན། ནུབ་ཕྱོགས་རྒྱལ་ཁབ་ཨ་རི་ལ་མཚོན་ན་གློག་གི་ཐ་མག་བེད་སྤྱོད་བྱེད་མཁན་ས་ཡ་༢ ཙམ་ཡོད་པ་དང་། ཕྱི་ལོ་༢༠༡༣ ནས་༢༠༡༥ བར་ཅ་དངོས་དེའི་རིགས་ཀྱི་ཚོང་ལས་སྡེ་ཚན་ལ་ཡོང་བབ་ཨ་སྒོར་འཐེར་འབུམ་༡.༧༥ ནས་༣.༥ ལ་འཕར་ཡོད་འདུག

འོན་ཀྱང་བཟོ་སྐྲུན་པ་ཚོས་གློག་གི་ཐ་མག་གིས་དོན་དངོས་སུ་ཐ་མག་འཐེན་པར་ངན་ལངས་ཤོར་མཁན་ཚོར་དེ་གཅོད་པར་ཕན་ཐོགས་ཀྱི་ཡོད་པ་དང་། ཅ་དངོས་དེས་འཕྲོད་བསྟེན་ལ་ནམ་རྒྱུན་ཐ་མག་ལས་གནོད་ཉུང་བ་སྐྱེལ་གྱི་ཡོད་ཚུལ་བརྗོད་པ་དེར་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་སྨན་པ་གྲགས་ཅན། ཉམས་ཞིབ་པ་མང་པོས་རྫུན་མ་ཡིན་ཚུལ་བརྗོད་འདུག

ཕྱི་ལོ་༢༠༡༣ ལོའི་ཟླ་༡༠ པའི་ནང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་གློག་གི་ཐ་མག་གིས་ཐ་མག་བཅད་པར་རོགས་བྱེད་ཀྱི་ཡོད་ཚུལ་བརྗོད་པ་དེར་ཁུངས་སྐྱེལ་དཔང་རྟགས་མེད་ཁར། དེའི་ནང་གི་བཅོས་ལྷད་མེད་པའི་ཐ་མག་གི་རྫས་ཀྱིས་ཁྲག་གི་རྩ་སྦུབས་ལ་བཙིར་གནོན་སྤྲད་ནས། སྙིང་ཁྲག་འགག་པ། དྲན་མེད་རྒྱལ་བ། ཁྲག་ཤད་ཚད་ལས་བརྒལ་བ་སོགས་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག དེ་བཞིན་ནམ་རྒྱུན་ཐ་མག་མི་འཐེན་མཁན་ཚོས་གློག་གི་ཐ་མག་སྤྱོད་པ་དང་། རྗེས་སུ་ནམ་རྒྱུན་ཐ་མག་འཐེན་མཁན་དུ་འགྱུར་བའི་གྲངས་ཀ་མང་དུ་འགྲོ་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་འདུག

ཨ་རིའི་ཁེ་ལི་ཧྥོ་ནི་ཡའི་གཙུག་ལག་སླེབ་གཉེར་ཁང་གི་ཉམས་ཞིབ་པ་ཝི་ལིམ་ Monique Williams    གྱིས་གློག་གི་ཐ་མག་དེས་ནམ་རྒྱུན་ཐ་མག་གིས་འཕྲོད་བསྟེན་ལ་གནོད་པའི་སེམས་འཚབ་ལ་འགྱུར་བ་བཏང་ཐུབ་མེད་ཁར། ལྕགས་ཀྱི་སྙིགས་རོའི་གྲངས་འབོར་མང་པོ་ཞིག་ཅ་དངོས་དེའི་ནང་ལྷག་གི་ཡོད་པ་རྣམས། མིའི་གློ་བའི་ནང་འགྲོ་ཡི་ཡོད་པས། གློའི་ནང་གི་རླུང་ལམ་བཙིར་གནོན་བྱེད་སྲིད་སྐོར་བརྗོད་འདུག

དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་ཉམས་ཞིབ་པ་ཚོས། གློག་གི་ཐ་མག་ནང་བེད་སྤྱོད་བྱེད་པའི་བྲོ་བ་འདྲ་མིན་གྱི་ཁུ་བ་ཉོས་ནས། དེ་དག་གི་ཕྱི་སྐོགས་ཐོག་ཏུ་ཐ་མག་གི་རྫས་ཀྱི་ཚད་གཞི་ཁ་གྲངས་བྲིས་པ་དེ་དངོས་ཡོད་ཡིན་མིན་བརྟག་དཔྱད་བྱས་པ་བརྒྱུད། ཧང་སངས་དགོས་པ་ཞིག་ལ། ཁོ་ཚོའི་བརྟག་དཔྱད་ཀྱི་གྲུབ་འབྲས་ལ་ཁུ་བ་དེ་དག་ནང་ཐ་མག་གི་རྫས་ཀྱི་ཚད་གཞི་དེ་བཟོ་སྐྲུན་པས་ཁྱབ་བསྒྲགས་བྱས་པ་ལས་བརྒྱ་ཆ་༥༩ ཡི་མང་བ་ཡོད་པ་རྙེད་སོན་བྱུང་འདུག

ཕྱི་ལོ་༢༠༡༥ ལོའི་ཟླ་༡༢ པའི་ཚེས་༢༩ ཉིན་དབྱིན་ཡུལ་གྱི་བརྒྱུད་ལམ་Telegraph ཡིས་བཏོན་པའི་གནས་ཚུལ་ནང་བཀོད་དོན། འཛམ་གླིང་གི་ཁྲོམ་རྭའི་ནང་གློག་གི་ཐ་མག་གི་ཚོང་རྟགས་མི་འདྲ་བ་༥༠༠ ལྷག་དང་བྲོ་བ་འདྲ་མིན་༧༠༠༠ ལྷག་ཡོད་འདུག

དབྱིན་ཡུལ་གྱི་མི་མང་འཕྲོད་བསྟེན་ལས་ཁང་གིས་གློག་གི་ཐ་མག་དེ་ནམ་རྒྱུན་གྱི་ཐ་མག་ལས་ཉེས་སྐྱོན་ཆུང་བ་ཡོད་ཀྱང་། དེར་ཉེས་སྐྱོན་མེད་པ་མ་ཡིན་པས། ཡག་ཤོས་བྱུང་ན་ཐ་མག་མི་འཐེན་མཁན་ཚོས་དེ་ལོངས་སུ་མི་སྤྱོད་པའི་སྐུལ་མ་བྱས་འདུག དེ་བཞིན་ཐ་མག་སྤོང་ཐབས་ཡག་ཤོས་ནི་ཐ་མག་སྤོང་ཆེད་ཀྱི་གསོ་བྱེད་ཁང་གི་ལམ་སྟོན་འོག་ལ་འགྲོ་རྒྱུ་དེ་ཡིན་སྐོར་བརྗོད་འདུག །