གློག་བརྙན་འཁྲབ་སྟོན་པ་ཞིག་གིས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག
གློག་བརྙན་འཁྲབ་སྟོན་པ་ཞིག་གིས་ཐའེ་ཝན་དེ་རྒྱལ་ཁབ་གཅིག་ལ་ངོས་འཛིན་གྱིས་སྐད་ཆ་བཤད་འདུག་པ་དང་། རྗེས་སུ་ཁོང་གི་ནོར་འཁྲུལ་ཤོར་ཡོད་སྐོར་བརྗོད་ནས་རྒྱ་ནག་ལ་དགོངས་སེལ་ཞུས་འདུག
ཟླ་༥ པའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་གློག་བརྙན་འཁྲབ་སྟོན་པ་རྗོན་སཱི་ན་(John Cena)ཡིས་ཁོང་གི་གློག་བརྙན་གསར་ཤོས་དེ་ཁྱབ་བསྒྲགས་བྱེད་པའི་ལས་རིམ་ཁྲོད་དུ། ཐའེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཞིག་ལ། ཁོང་གི་གློག་བརྙན་དེ་དང་ཤོས་བལྟ་ཐུབ་མཁན་གྱི་རྒྱལ་ཁབ་ནི་ཐའེ་ཝན་ཡིན་སྐོར་བརྗོད་ཡོད་འདུག་པས། རྒྱ་ནག་ནང་དུ་ཁོང་གིས་ཐའེ་ཝན་རྒྱལ་ཁབ་གཅིག་ལ་ངོས་འཛིན་བྱས་པའི་སྐད་ཆ་དེར་སྐྱོན་བརྗོད་ཆེན་པོ་བྱས་འདུག རྗེས་སུ་ཁོང་གིས་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝི་བྷོ་ཐོག་ཏུ་བརྙན་ཐུང་ཞིག་སྤེལ་ཏེ། ཁོང་གིས་ནོར་འཁྲུལ་ཆེན་པོ་ཞིག་བཟོས་ཡོད་པས། དགོངས་སེལ་ཞུ་ཡི་ཡོད་པ་དང་། ཁོང་གིས་རྒྱ་ནག་མི་མང་ལ་བརྩེ་སེམས་ཆེན་པོ་ཡོད་སྐོར་བརྗོད་འདུག མཆན་བཀོད་མཁན་ཁག་ཅིག་གིས་གློག་བརྙན་འཁྲབ་སྟོན་པ་ཁོང་གིས་ཐའེ་ཝན་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་གསལ་པོ་བརྗོད་དགོས་པ་དང་། དེ་ལྟར་མ་ལབ་ཚེ་དགོངས་པ་དག་རྒྱུ་མིན་སྐོར་བརྗོད་འདུག ཁག་ཅིག་གིས་དགོངས་སེལ་དེར་ཁས་ལེན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱ་ནག་ནི་འཛམ་གླིང་ནང་གི་གློག་བརྙན་ཁྲོམས་ར་ཆེ་ཤོས་ཨང་གཉིས་པ་ཡིན་པ་དང་། མ་འོངས་པར་གློག་བརྙན་གྱི་ཁྲོམ་ར་ཆེ་ཤོས་ཨང་དང་པོ་དེ་འགྱུར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག་པས། རྒྱ་ནག་གི་གློག་བརྙན་ཁྲོམ་རར་གློག་བརྙན་སྟོན་ཐུབ་ཆེད་དུ། ཨ་རི་དང་རྒྱལ་ཁབ་གཞན་གྱི་གློག་བརྙན་བཟོ་སྐྲུན་ཚོང་ལས་ཁང་ཚོས་རྒྱ་ནག་གཞུང་གི་ཆོག་མཆན་ཐོབ་ཐབས་གང་ཡོང་བྱེད་དང་བྱེད་བཞིན་ཡོད་ཁར། དེའི་ཆེད་དུ་རྒྱ་ནག་གཞུང་གིས་ཚོར་བ་རྣོན་པོ་འཛིན་བཞིན་པའི་གནད་དོན་མང་པོ་ཞིག་གི་ཐོག་རང་ངོས་ནས་ཞིབ་བཤེར་བྱེད་དང་བྱེད་བཞིན་ཡོད་འདུག དེ་ཡང་བོད་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས། ཐའེ་ཝན་སོགས་ཀྱི་གནད་དོན་གཡོལ་གྱི་ཡོད་འདུག དེ་བཞིན་གལ་ཏེ་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་འགལ་བའི་སྐད་ཆ་བཤད་པ་དང་རྣམ་པ་སོགས་བསྟན་ཚེ། གློག་བརྙན་འཁྲབ་སྟོན་པ་དང་ཚོང་པ། ཚོང་ལས་ཁང་སོགས་མང་པོ་ཞིག་གིས་དཔལ་འབྱོར་གྱི་ཁེ་ཕན་ཆེད་དུ་རྒྱ་ནག་ལ་དགོངས་སེལ་ཞུ་ཡི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།