གྷ་ཛའི་ནང་མུ་གེ་ཡོང་རྒྱུའི་ཉེན་ཁ་ཡོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེན་བརྡ་བཏང་འདུག

ཨི་སི་རེལ་དང་ཧ་མ་སིའི་བར་དམག་འཁྲུག་མགོ་བཙུགས་ནས་ཟླ་བ་མང་པོ་འགྲོ་བཞིན་ཡོད་ཀྱང་། ད་དུང་དམག་མཚམས་ཆད་མེད་པར་བརྟེན། གྷ་ཛའི་ལུང་གཤོངས་ནང་ད་ཆར་མི་མང་ལ་བཟའ་འབྲུ་མེད་པའི་རྐྱེན་གྱིས་མུ་གེ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་ཡོད་འདུག
ཕྱི་ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་གྷ་ཛའི་ནང་མི་མང་ས་ཡ་ཕྱེད་ཀ་ཙམ་ཡོད་པ་དང་། དེ་དག་ལ་ཨི་སི་རེལ་གྱིས་བཟའ་འབྲུ་མུ་མཐུད་ནས་བཀག་འགོག་བྱས་ན་མུ་གེ་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་ཡོད་འདུག འོན་ཀྱང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་བདེ་འཇགས་ལྷན་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་བྱང་གྷ་ཛའི་ས་ཁུལ་ནང་ད་དུང་གནས་སྟངས་ཅུང་དྲག་ཡོད་པ་དང་། ད་ལྟ་མུ་གེ་ཡོང་རྒྱུར་དེ་ཙམ་ཉེན་ཁ་མེད་པར་བརྗོད་ཡོད་འདུག འདི་ལོའི་ཟླ་བ་གསུམ་པའི་ནང་བྱང་གྷ་ཛའི་ས་ཁུལ་དུ་བཟའ་འབྲུ་དང་ཆུ། སྨན། གཞན་རོགས་སྐྱོར་མང་པོ་འབྱོར་ཡོད་པའི་རྐྱེན་གྱིས་ད་ལྟའི་གནས་སྟངས་ཅུང་དྲག་ག་ཡོད་འདུག གྷ་ཛའི་ལྷོ་ཕྱོགས་དང་དབུས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་འགྱུར་བཞིན་ཡོད་འདུག་ལ། རྒྱུ་མཚན་ནི་(Rafah)ས་ཁུལ་གྱི་ས་མཚམས་བཀག་འགོག་བྱེད་ཀྱི་ཡོད་འདུག་པ་དང་། དེ་བཞིན་དབུས་དང་བྱང་ཕྱོགས་གྷ་ཛ་ནས་མི་མང་ས་ཡ་མང་པོ་ལྷོ་ཕྱོགས་སུ་སྐྱབས་བཅོལ་དུ་ཡོང་གི་ཡོད་འདུག་པ་དང་། གཞན་ཨི་སི་རེལ་གྱིས་གྷ་ཛའི་བྱང་ཕྱོགས་ནས་དམག་རྒྱག་བཞིན་ཡོད་པས་མི་མང་སྟོང་ཕྲག་མང་པོ་བྲོས་བྱོལ་དུ་ཡོང་གི་ཡོད་འདུག (World Food Programme)འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུ་བགོ་འགྲེམ་ལྷན་ཁང་ནས་གྷ་ཛའི་ལྷོ་ཕྱོགས་ས་ཁུལ་དུ་མི་མང་ཕོན་ཆེན་པོ་སྐྱབས་བཅོལ་དུ་འབྱོར་བཞིན་ཡོད་པའི་རྐྱེན་གྱིས་མི་རིང་བར་མུ་གེ་ཡོང་རྒྱུའི་ཉེན་ཁ་ཡོད་པར་བརྗོད་ཡོད་འདུག དེ་བཞིན་ལྷན་ཁང་དེས་ཨི་སི་རེལ་གྱི་དམག་མིས་གྷ་ཛའི་ནང་དམག་འཁྲུག་མཚམས་མི་འཇོག་པ་དང་། རོགས་སྐྱོར་བཀག་པའི་རྐྱེན་གྱིས་ད་ཆར་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པར་རྗོད་ཀྱི་ཡོད་འདུག ཨི་སི་རེལ་གྱིས་ཁོང་ཚོས་གྷ་ཛའི་ས་ཁུལ་ནང་རོགས་སྐྱོར་འགོག་མྱོང་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཟའ་འབྲུ་དུས་ཐོག་ཏུ་གཏོང་ཐུབ་ཀྱི་མེད་པ། ཧ་མ་སིས་རོགས་སྐྱོར་རྣམས་རྐུ་མ་རྒྱག་གི་ཡོད་ཚུལ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྷ་ཛ་ས་ཁུལ་ནང་ཡོད་པའི་མི་མང་གི་གནས་སྟངས་དབྱེ་བ་ལྔ་ལ་དབྱེས་ཡོད་འདུག་པ་དང་། དབྱེ་བ་ལྔ་ལས་ལྔ་པ་རྣམས་ཀྱིས་ད་ལྟའི་མུ་གེའི་གནས་སྟངས་དངོས་སུ་མྱོང་གི་ཡོད་པར་རྗོད་ཀྱི་ཡོད་འདུག་ལ། དབྱེ་བ་ལྔ་པའི་ནང་མི་མང་བརྒྱ་ཆ་༣༠ ཡོད་འདུག་པ་དང་། མི་མང་བརྒྱ་ཆ་༣༠ རྣམས་ལ་བཟའ་འབྲུ་མེད་ཅིང་། སྨན་དང་ཆུ་སོགས་ཀྱི་གཞི་རྩའི་དགོས་མཁོ་རྣམས་མེད་ནས་བྱིས་པ་མང་པོ་ཟས་བཅུད་ཀྱིས་མི་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པར་བརྗོད་ཡོད་འདུག གྷ་ཛའི་དབུས་དང་ལྷོ་ཕྱོགས་ས་ཁུལ་ནང་ཉི་མ་རེ་ལ་བཟའ་འབྲུ་དང་གཞི་རྩའི་དགོས་མཁོ་རྣམས་མི་འདང་བའི་རྐྱེན་གྱིས་ཁྱོན་མི་༡༠༠༠༠ ནས་བྱིས་པ་གཉིས་རེ་འཆི་ཡི་ཡོད་འདུག་པ་དང་། བྱིས་པ་ཁྱོན་༡༠༠༠༠ ནས་ཉི་མ་རེ་ལ་བྱིས་པ་བཞི་རེ་འཆི་ཡི་ཡོད་འདུག གནས་སྟངས་དེའི་འོག་ཏུ་ད་བར་མི་ཁྱོན་ས་ཡ་༢་༢ ཙམ་ཡོད་འདུག ཁ་སང་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་འབྲུའི་བདེ་འཇགས་ལྷན་ཁང་གིས་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་ད་དུང་གྷ་ཛའི་བྱང་ཕྱོགས་སུ་ཁྱོན་མི་༤༩༥༠༠༠ ཙམ་ཞིག་བཀག་ཉར་བྱས་ཡོད་པ་དང་། མི་མང་དེ་ཚོའི་བཟའ་འབྲུ་མི་འདང་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་བརྗོད་ཡོད་འདུག་ཀྱང་། ཨི་སི་རེལ་གྱི་སྙན་ཐོ་དེ་དག་གི་ནང་བདེན་པ་བྲིས་མེད་པ་དང་། རྫུན་མ་མང་པོ་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཟླ་བ་འདིའི་ནང་ཁྱོན་མི་༣༢ བཟའ་འབྲུ་མི་འདང་བའི་རྐྱེན་གྱིས་ཤི་ཡོད་པར་བརྗོད་འདུག་ལ། དེའི་ནང་ནས་མི་རྒན་པ་༤ དང་བྱིས་པ་༢༨ བཅས་ཤི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།