གྷ་ཛའི་ནང་འབྱུང་བཞིན་པའི་དམག་འཁྲུག་མཚམས་འཇོག་བྱེད་རྒྱུར་གྲོས་མཐུན་བྱུང་ཡོད་འདུག 

གྷ་ཛའི་ལུང་གཤོངས་ནང་དམག་འཁྲུག་འགོ་བཙུགས་ནས་ཟླ་བ་༡༥ འགྲོ་བཞིན་པའི་རྗེས་སུ་ཨ་རི་དང་ཁ་ཐར་གཉིས་ཀྱིས། ཨི་སི་རེལ་དང་ཧ་མ་སི་གཉིས་བར་དུ་བར་འདུམ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག་པས། ད་ཆར་གྷ་ཛའི་མི་མང་ཚོས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༡༦ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ནས་གནས་ཚུལ་ཐོན་བཞིན་པ་ལྟར་ན། ཕྱི་ལོ་༢༠༢༣ ཟླ་བ་༡༠  ཚེས་༧ ཉིན་གྷ་ཛའི་ནང་དུ་ཡོད་པའི་ཧ་མ་སི་དྲག་པོའི་སྒྲིག་འཛུགས་ཀྱིས་ཨི་སི་རེལ་གྱི་ས་མཚམས་ནས་དྲག་སྤྱོད་པས་བྱ་སྤྱོད་སྤེལ་ནས་ཨི་སི་རེལ་གྱི་མི་མང་༡༢༠༠ ཙམ་བསད་ནས་༢༥༡ བཙན་ཁྲིད་ཡོད་པར་བརྟེན། དུས་དེ་ནས་བཟུང་ཨི་སི་རེལ་དང་ཧ་མ་སི་གཉིས་བར་དམག་འཁྲུག་འགོ་བཛུགས་བྱས་ནས་ད་བར་ཟླ་བ་༡༥ འགྲོ་བཞིན་ཡོད་འདུག་ལ། དུས་ཡུན་དེ་དག་གི་རིང་གྷ་ཛའི་ལུང་གཤོངས་ནང་པ་ལི་སི་ཐན་གྱི་མི་ཁྱོན་༤༦༧༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་འདུག་ཅིང་། མི་ས་ཡ་༢་༣་ཙམ་ཡུལ་གཞན་ལ་སྤོ་དགོས་བྱུང་ཡོད་འདུག དེ་བཞིན་ཁང་པ་དང་གཞུང་ལམ། ཆུ་དང་གློག ཟས་སོགས་ཡོད་ཚད་གཏོར་རྒོལ་བྱུང་ནས་པ་ལི་སི་ཐན་གྱི་མི་མང་ཚོར་དམག་འཁྲུག་ཁྲོད་གོད་ཆགས་ཆེན་པོ་བྱུང་ཡོད་པ་ཧ་མ་སིའི་འཛིན་སྐྱོང་འོག་ཡོད་པའི་འཕྲོད་བསྟེན་བློན་ཆེན་གྱིས་བརྗོད་ཡོད་འདུག

ཨི་སི་རེལ་གྱི་མི་མང་༢༥༡ བཙན་ཁྲིད་བྱས་པའི་ཁྲོད་མང་པོ་ཞིག་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། ད་དུང་ཨི་སི་རེལ་གྱི་མི་མང་༩༠ ཙམ་ཧ་མ་སིའི་དྲག་སྤྱོད་པའི་ལག་ཏུ་ཡོད་པར་བརྗོད་འདུག དེ་དག་གི་ནང་ནས་ཐེངས་འདིར་བདུན་ཕྲག་༦ རིང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་གྲོས་མཐུན་བྱུང་བ་དང་སྟབས་བསྟུན་ནས་ཨི་སི་རེལ་གྱི་མི་མང་ཁྱོན་༣༣ གློད་བཀྲོལ་གཏོང་འཆར་ཡོད་པ་དང་། དེ་དག་ཧ་མ་སིའི་བཙོན་པ་དང་བརྗེ་ལེན་བྱེད་རྒྱུ་ཡིན་པར་བརྗོད་འདུག ཨི་སི་རེལ་གྱི་མི་མང་གློད་བཀྲོལ་ཁྲོད་བུད་མེད་དང་བྱིས་པ། རྒན་འཁོགས་སོགས་ཡོད་འདུག་པ་དང་། ད་ཐེངས་ཀྱི་གྲོས་མཐུན་དེའི་འོག་ཨི་སི་རེལ་གྱི་དམག་མི་རྣམས་གྷ་ཛའི་པ་ལི་སི་ཐན་གྱི་མི་མང་ཕོན་ཆེན་ཡོད་ས་ནས་གྷ་ཛའི་བྱང་ཕྱོགས་སུ་ཕྱིར་འཐེན་བྱེད་རྒྱུ་ཡིན་འདུག དེའི་རྗེས་པ་ལི་སི་ཐན་གྱི་མི་མང་ཡུལ་གཞན་ལ་གནས་སྤོ་མཁན་ཚོས་ཕྱིར་རང་ཡུལ་དུ་ལོག་ནས་ཉིན་རེ་བཞིན་གྷ་ཛའི་ལུང་གཤོངས་ནང་ཕྱི་ཕྱོགས་ནས་རོགས་རམ་རྣམས་གཏོང་རྒྱུ་ཡིན་འདུག 

ཨི་སི་རེལ་དང་ཧ་མ་སི་གཉིས་བར་གྲོས་མོལ་གཉིས་པའི་སྐབས་སུ་ཧ་མ་སི་ཡིས་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་མང་ཚང་མ་གློད་བཀྲོལ་གཏོང་རྒྱུ་དང་། ཨི་སི་རེལ་གྱི་དམག་མི་ཚང་མ་གྷ་ཛ་ནས་ཕྱིར་འཐེན་བྱེད་རྒྱུའི་རེ་བ་རྒྱག་བཞིན་ཡོད་འདུག་ལ། གྲོས་མཐུན་གསུམ་པའི་སྐབས་སུ་གྷ་ཛའི་ལུང་གཤོངས་བསྐྱར་གསོ་འགོ་འཛུགས་བྱེད་རྒྱུ་དང་། གྷ་ཛའི་ལུང་གཤོངས་ཆ་ཚང་བསྐྱར་གསོ་ཡོང་རྒྱུར་མི་ལོ་འགའ་ཤས་འགོར་རྒྱུ་ཡིན་པ་ཁ་ཐར་སྲིད་བློན་ནས་བརྗོད་འདུག་ལ། མ་འོངས་པར་ཨི་སི་རེལ་དང་ཧ་མ་སི་གཉིས་ཞི་བའི་ངང་ཕྱོགས་སོ་སོར་གནས་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག ཨ་རིའི་ལས་ཐོག་སྲིད་འཛིན་བྷ་ཌན་ནས་ཐེངས་འདིའི་ཨི་སི་རེལ་དང་པ་ལི་སི་ཐན་གཉིས་བར་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཆེད་ཧ་མ་སི་ལ་གནོན་ཤུགས་ཆེན་པོ་སྤྲད་པ་གཅིག་པུར་མ་ཡིན་པར། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པར་བརྗོད་འདུག འོན་ཀྱང་། དམག་འཁྲུག་དེ་འགོ་བཙུགས་པ་ནས་བཟུང་ཉམ་ཆུང་མི་མང་སྟོང་ཚོ་མང་པོའི་ཚེ་སྲོག་ཤོར་ཡོད་པ་དག་གི་ནང་མི་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད་པར་བརྗོད་འདུག 

དེ་བཞིན་བདམས་ཐོན་སྲིད་འཛིན་ཊོམ་གྱིས་ཨི་སི་རེལ་དང་ཧ་མ་སི་གཉིས་ཀ་ལ་གནོད་ཤུགས་སྤྲད་ནས་གྲོས་མཐུན་ཡོང་ཐབས་ཆེད་འབད་ཡོད་པར་བརྗོད་འདུག་ལ། ཊོམ་གྱིས་ཁོང་གི་སྲིད་འཛིན་དམ་འབུལ་མ་བྱས་སྔོན་དུ་ཧ་མ་སི་ཡིས་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་མང་དག་གློད་དགོས་པར་བརྗོད་ཡོད་པ་དེ་ལ། སྲིད་འཛིན་བྷ་ཌན་གྱིས་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད་པ་བྷི་བྷི་སི་གསར་ཁང་གིས་བརྗོད་འདུག 

ཨི་སི་རེལ་གྱི་སྲིད་བློན་(Benjamin Netanyahu)་ནས་བདམས་ཐོན་སྲིད་འཛིན་ཊོམ་ལ་ཧ་མ་སི་ཡིས་བཙན་ཁྲིད་བྱས་པའི་ཨི་སི་རེལ་གྱི་མི་མང་དག་གློད་བཀྲོལ་ཆེད་ཧ་མ་སི་ལ་གནོན་ཤུགས་སྤྲད་ནས་གྲོས་མཐུན་འཇོག་ཐུབ་པ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་སྲིད་འཛིན་བྷ་ཌན་ལ་ཡང་ཐུགས་རྗེ་ཆེ་ཞུས་ཡོད་འདུག ཨི་སི་རེལ་གྱི་སྲིད་བློན་གྱིས་བརྗོད་དོན་ལ་ཨི་སི་རེལ་མི་སེར་གཅིག་ཀྱང་མ་ལྷག་པ་ཚུར་ལེན་རྒྱུ་ཡིན་པར་བརྗོད་ཡོད་འདུག་པ་དང་། ཨི་སི་རེལ་གྱིས་པ་ལི་སི་ཐན་གྱི་བཙོན་པ་མང་པོ་ཞིག་གློད་རྒྱུའི་གྲོས་མཐུན་བྱུང་ཡོད་འདུག་ཀྱང་། ད་དུང་བཙོན་པ་འགའ་ཤས་ཀྱིས་དྲག་སྤྱོད་པའི་ལས་འགུལ་སྤེལ་ནས་མི་མང་པོ་བསད་ཡོད་པར་བརྟེན། ཚེ་བཙོན་ཡིན་པར་བརྗོད་འདུག འོན་ཀྱང་། བཙོན་པ་ཚོའི་ནང་མི་ནས་ཆུ་ཚོད་༤༨ ནང་ཚུད་དུ་འབྲེལ་བ་བྱེད་དགོས་པར་བརྗོད་ཡོད་འདུག གྷ་ཛའི་ལུང་གཤོངས་ཀྱི་ཧ་མ་སིའི་འགོ་ཁྲིད་(Khalil al-Hayya)ཟེར་བ་དེ་ཡིས་བརྗོད་དོན་ལ། ཐེངས་འདིར་ཨི་སི་རེལ་དང་ཧ་མ་སི་གཉིས་བར་གྲོས་མཐུན་བྱུང་བ་ནི་བྱས་རྗེས་ཆེན་པོ་ཡིན་པ་དང་། པ་ལི་སི་ཐན་གྱི་མི་མང་ཚོ་རང་ཡུལ་དུ་ལོག་ནས་གྷ་ཛའི་ལུང་གཤོངས་བསྐྱར་གསོ་བྱེད་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིིན་པར་བརྗོད་ཡོད་འདུག་ཅིང་། ཁོས་ད་དུང་འདས་པའི་དུས་ཡུན་རིང་གྷ་ཛའི་ནང་གང་བྱུང་བ་དེ་ནམ་ཡང་བརྗེད་སྲིད་ཀྱི་མ་རེད་ལ། ནམ་ཡང་གུ་ཡངས་གཏོང་སྲིད་ཀྱི་མ་རེད་ཅེས་ཉེན་བརྡ་ཡང་བཏང་ཡོད་འདུག 

ཧ་མ་སི་དང་ཨི་སི་རེལ་གཉིས་བར་གྲོས་མཐུན་བྱུང་བའི་གསར་འགྱུར་ཐོན་རྗེས་སུ་གྷ་ཛའི་ནང་ཡོད་པའི་པ་ལི་སི་ཐན་གྱི་མི་མང་ཚོས་དགའ་བསུ་ཆེན་པོ་ཞུས་ནས་རང་རང་དགའ་ཉེ་སྤུན་མཆེད་འདས་གྲོངས་དུ་ཕྱིན་པ་རྣམས་རྗེས་དྲན་དང་། བཙོན་ཁང་དུ་ཡོད་པ་དག་ཐུག་འཕྲད་བྱེད་རྒྱུར་ངང་སྒུག་བྱེད་བཞིན་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།