གྷན་རྡི་རྗེའི་འདྲ་སྐུ་ཞིག་ཕྱིར་འདོན་བྱས་འདུག
རྒྱ་གར་གྱི་རང་བཙན་འཐབ་རྩོད་ཀྱི་འགོ་ཁྲིད་དང་། རྒྱལ་སྤྱིའི་ནང་འཚེ་མེད་ཞི་བའི་ལམ་གྱི་མིག་དཔེ་ལྟ་ས་གྷན་རྡི་ཡི་འདྲ་སྐུ་ཞིག ཨ་ཧྥེ་རི་ཀའི་གྷ་ན་རྒྱལ་ཁབ་ཀྱི་སྙན་གྲགས་ཆེ་ཤོས་གྷ་ན་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ནས་ཕྱིར་འདོན་བྱས་འདུག་པ་དང་། དེ་ཡང་གྷན་རྡི་ནི་ཨ་ཧྥི་རི་ཀའི་མི་རིགས་ནག་མོར་མཐོང་ཆུང་བྱེད་མཁན་ཡིན་པའི་གནས་ཚུལ་ཐོན་པས་ཡིན་འདུག
ཟླ་༡༢ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་སྔོན་གྷན་རྡི་ཡིས་བྲིས་པའི་རྩོམ་ཡིག་ཁག་ཅིག་ནང་། ཨ་ཧྥེ་རི་ཀའི་མི་རིགས་ནག་པོ་ལས་རྒྱ་གར་མི་རིགས་མཐོ་བ་ཡིན་ཚུལ་དང་། ཨ་ཧྥི་རི་ཀའི་མི་རིགས་ནག་པོར་མཐོང་ཆུང་གི་མིང་ཡང་བེད་སྤྱད་པའི་གནས་ཚུལ་ཐོན་རྗེས། གྷ་ན་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གཉེར་ཁང་སྙན་གྲགས་ཆེ་ཤོས་གྷ་ན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁག་ཅིག་གིས་། ཕྱི་ལོ་༢༠༡༦ ལོའི་ཟླ་༩ པའི་ཚེས་༡༢ ཉིན་དྲ་ཐོག་ཞུ་གཏུག་ལས་འགུལ་ཞིག་སྤེལ་ཏེ། གྷན་རྡི་ནི་ཨ་ཧྥི་རི་ཀའི་མི་རིགས་ནག་པོར་མཐོང་ཆུང་ཁྱད་གསོད་བྱེད་མཁན་ཞིག་ཡིན་པ་གསལ་པོ་ཆགས་རྐྱེན། ཁོང་གི་འདྲ་སྐུ་དེ་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ནས་ཕྱིར་འདོན་གྱི་དགོས་འདུན་བཏོན་ཡོད་འདུག་ཀྱང་། འདྲ་སྐུ་དེ་ལོ་གཉིས་ལས་མང་བའི་རྗེས་ཏེ་ཟླ་༡༢ པའི་ཚེས་༡༤ ཉིན་གྱི་དགོང་མོར་དངོས་སུ་ཕྱིར་འདོན་བྱས་ཡོད་པ་རེད་འདུག
འདྲ་སྐུ་དེ་ནི་ཕྱི་ལོ་༢༠༡༦ ལོར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་པེར་ནབ་མུ་ཀེར་ཇཱི་ཡིས་སྒོ་འབྱེད་བྱས་པ་དང་། དེའི་རྗེས་སུ་འདྲ་སྐུ་དེ་ཕྱིར་འདོན་དགོས་པའི་ལས་འགུལ་སྤེལ་མཁན་བྱུང་འདུག
ཨ་ཧྥི་རི་ཀའི་རིག་གནས་ལྟེ་གནས་ཁང་གི་སྐད་ཡིག་དང་རྩོམ་ཡིག གཏམ་བརྗོད་བཅས་ཀྱི་འགན་འཛིན་གྱིས། “གལ་ཏེ་ང་ཚོས་རང་ཉིད་སོ་སོར་གུས་བརྩི་མ་བྱས་པ་དང་ང་ཚོའི་དཔའ་བོ་དཔའ་མོ་རྣམས་ལ་མཐོང་ཆུང་བྱས། འོན་ཀྱང་ང་ཚོར་གུས་བརྩི་མེད་མཁན་ལ་བསྟོད་བསྔགས་བྱས་ཚེ་མི་འགྲིག་པ་རེད། གལ་ཏེ་ང་ཚོས་ང་ཚོའི་དཔའ་བོ་དཔའ་མོ་རྣམས་ལ་གུས་བརྩི་དང་ཆེ་མཐོང་མ་སྤྲད་ཚེ། འཛམ་གླིང་མི་མང་གིས་ང་ཚོར་གུས་བརྩི་གང་འདྲ་བྱེད་སྲིད་དམ། ཐེངས་འདིའི་གནད་དོན་དེ་ནི་མི་རིགས་ནག་པོའི་ཆེ་མཐོང་དང་རང་གི་གནས་བབས་ལ་གུས་བརྩིའི་རྒྱལ་ཁ་ཐོབ་པ་ཞིག་རེད། ལས་འགུལ་ལ་གྲུབ་འབྲས་ཐོན་པ་རེད་”ཅེས་བརྗོད་འདུག
སློབ་མ་ཁག་ཅིག་གིས་གྷན་རྡི་ཡི་འདྲ་སྐུ་ཕྱིར་འདོན་བྱས་པ་དེ་ནི་སྔོན་ནས་བྱེད་དགོས་པའི་ལས་དོན་ཞིག་ཡིན་སྐོར་དང་། དེ་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་གནད་དོན་ཞིག་མིན་པར། ལས་དོན་དེར་གྲུབ་འབྲས་ཐོན་པ་གྷ་ནའི་མི་མང་ཚང་མའི་རྒྱལ་ཁ་ཞིག་ཡིན་སྐོར་བརྗོད་འདུག
གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་ནས་གནད་དོན་དེའི་ཐད་འགྲེལ་བརྗོད་གང་ཡང་བྱས་མི་འདུག་ཀྱང་། གྷ་ན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁང་གི་ལས་བྱེད་ཅིག་གིས་གནད་དོན་དེ་ནི་གཙུག་ལག་སློབ་གཉེར་ཁང་གི་ནང་ཁུལ་ཐག་གཅོད་ཅིག་ཡིན་སྐོར་བརྗོད་འདུག
གྷ་ན་རྒྱལ་ཁབ་ཀྱི་སྐབས་སྔོན་མའི་གཞུང་གིས། གནད་དོན་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ལ་འགོག་རྐྱེན་ཞིག་ མི་ཆགས་ཆེད་འདྲ་སྐུ་དེ་ས་གནས་གཞན་ཞིག་ལ་གནས་སྤོས་བྱེད་རྒྱུ་ཡིན་སྐོར་བསྒྲགས་མྱོང་འདུག་པས། ལས་འགུལ་བ་ཚོས་འདྲ་སྐུ་དེ་རྒྱལ་ཁབ་ཀྱི་རྒྱལ་སར་གནས་སྤོས་མི་བྱེད་ཆེད་ལས་འགུལ་སྤེལ་བཞིན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།