གྷུ་གྷལ་ཚོང་ལས་ཁང་གི་ལས་བྱེད་ཚོས་རྒྱ་ནག་ལས་འཆར་མཚམས་འཇོག་བྱེད་པའི་རེ་སྐུལ།

འཛམ་གླིང་གི་དྲ་ཐོག་འཚོལ་ཞིབ་མ་ལག་གི་ཚོང་ལས་ཁང་ཆེ་ཤོས་གྷུ་གྷལ་གྱིས། རྒྱ་ནག་གཞུང་གི་དར་ཐོག་ཞིབ་བཤེར་སྟངས་འཛིན་གྱི་སྲིད་བྱུས་དང་བསྟུན་ནས། རྒྱ་ནག་ནང་བཀོལ་སྤྱོད་བྱེད་པའི་འཚོལ་ཞིབ་མ་ལག་ཅིག་བཟོ་སྐྲུན་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས། ཚོང་ལས་ཁང་དེའི་ལས་བྱེད་༦༠ ལས་མང་བས་ལས་འཆར་དེ་མཚམས་འཇོག་བྱེད་པར་རེ་སྐུལ་གྱི་ཡོངས་ཁྱབ་འཕྲིན་ཡིག་ཅིག་དྲ་ཐོག་ཏུ་སྤེལ་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༡༡ པའི་ཚེས་༢༨ ཉིན་གྷུ་གྷལ་འཚོལ་ཞིབ་མ་ལག་ཚོང་ལས་ཁང་གི་ལས་བྱེད་༦༠ ལས་མང་བས། དྲ་ཐོག་ཏུ་ཡོངས་ཁྱབ་འཕྲིན་ཡིག་ཅིག་སྤེལ་ཏེ། དེའི་ནང་གྷུ་གྷལ་ཚོང་ལས་ཁང་གིས་རྒྱ་ནག་གཞུང་གི་དྲ་ཐོག་ཞིབ་བཤེར་སྟངས་འཛིན་གྱི་སྲིད་བྱུས་དང་མཐུན་པའི་འཚོལ་ཞིབ་མ་ལག་བཟོ་སྐྲུན་བྱེད་བཞིན་པ་དེས། རྒྱ་ནག་ནང་དུ་གཞུང་གིས་མི་མང་ལ་ཞིབ་བཤེར་སྟངས་འཛིན་ལ་རམ་འདེགས་བྱེད་རྒྱུ་ཡིན་པ་དང་། ལས་འཆར་དེས་མ་འོངས་པར་རྒྱལ་ཁབ་གཞན་གྱིས་འཚོལ་ཞིབ་མ་ལག་དེ་རིགས་དགོས་པའི་དགོས་འདུན་བཏོན་པའི་ལམ་ཁ་བཟོ་སྲིད་པ་དང་། སྐབས་དེར་ངོས་ལེན་མི་བྱེད་པ་ཡང་ཁག་པོ་ཆགས་སྲིད་པ་དང་། ལས་བྱེད་དེ་ཚོས་རྒྱ་ནག་གཞུང་གཅིག་པུར་ཁ་གཏད་ལངས་ཀྱི་མེད་ཁར། ནུས་མེད་མི་མང་རྣམས་ལ་བཙན་གནོན་བྱེད་པར་རམ་འདེགས་བྱེད་མཁན་གྱི་འཕྲུལ་ཆས་མ་ལག་ཚང་མར་ངོ་རྒོལ་བྱེད་ཀྱི་ཡོད་པ། དེ་བཞིན་རྒྱ་ནག་ཆེད་དུ་བཟོ་བཞིན་པའི་འཚོལ་ཞིབ་མ་ལག་དེ། རྒྱ་ནག་གཞུང་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་དང་། གཞུང་དང་བསམ་ཚུལ་མི་མཐུན་པ་རྣམས་བཙན་གནོན། སྨྲ་བརྗོད་རང་དབང་རྡོག་རོལ་སོགས་བྱེད་པའི་མཐུན་རྐྱེན་སྐྲུན་རྒྱུ་ཡིན་པས། དེ་དག་ནི་གྷུ་གྷལ་ཚོང་ལས་ཁང་གི་རིན་ཐང་ལྟ་བ་དང་འགལ་ཟླ་འགྲོ་ཡི་ཡོད་པས། ལས་འཆར་དེ་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད་སྐོར་སོགས་བསྒྲགས་འདུག

དེ་ཡང་འདི་ལོའི་ཟླ་༨ པའི་ནང་དྲ་ཐོག་བརྒྱུད་ལམ་ཞིག་གིས་གྷུ་གྷལ་ཚོང་ལས་ཁང་གིས། རྒྱ་ནག་ནང་བཀོལ་སྤྱོད་བྱེད་ཐུབ་པའི་འཚོལ་ཞིབ་མ་ལག་གཞན་པ་ཞིག་བཟོ་བཞིན་ཡོད་པ་དང་། དེ་ཡང་རྒྱ་ནག་གི་ཞིབ་བཤེར་སྟངས་འཛིན་གྱི་ཁྲིམས་དང་མཐུན་པའི་ཐོག དེའི་ནང་འགྲོ་བ་མིའི་ཐོབ་ཐང་དང་གནམ་སྡེ་སྒོ་མོ་ཐང་གི་མང་གཙོའི་ལས་འགུལ་སོགས་རྒྱ་ནག་གཞུང་ལ་སེམས་ཚོར་རྣོན་པོ་ཡོད་པའི་གནད་དོན་རྣམས་རྙེད་རྒྱུ་མེད་པ་བྱ་རྒྱུ་ཡིན་པའི་གནས་ཚུལ་བཏོན་ཡོད་པ་རེད། དེ་ཡང་བརྒྱུད་ལམ་དེ་ལ་གྷུ་གྷལ་ཚོང་ལས་ཁང་གི་ནང་ཁུལ་ཡིག་ཆ་ཞིག་དང་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ལས་བྱེད་ཡོད་འདུག་པ་དང་། གྷུ་གྷལ་གྱིས་ཕྱི་ལོ་༢༠༡༧ ལོའི་དཔྱིད་ཀ་ནས་ལས་གཞི་དེ་འགོ་འཛུགས་བྱས་ཡོད་འདུག་པ་དང་། ལོ་དེའི་ཟླ་༡༢ པའི་ནང་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་རྒྱ་ནག་གཞུང་གི་ལས་བྱེད་ཅིག་དང་ཐུག་རྗེས། ལས་གཞི་དེ་མགྱོགས་ཏུ་བཏང་ཡོད་འདུག གནད་དོན་དེ་རྒྱལ་སྤྱིའི་བརྒྱུད་ལམ་གཞན་གཉིས་ལ་གནས་ཚུལ་མཁོ་སྤྲོད་པ་ཁག་ཅིག་གིས་བདེན་པ་ར་སྤྲོད་བྱས་ཡོད་འདུག་ཀྱང་། ཐོག་མར་ཚོང་ལས་ཁང་གིས་ངོས་ལེན་བྱས་མི་འདུག རྗེས་སུ་ཟླ་༡༠ པའི་ནང་ཚོང་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་སུན་ཌར་པཱི་ཆཱི་ཡིས། ཐེངས་དང་པོར་ཡོངས་གྲགས་སུ་གནས་ཚུལ་དེ་ངོས་ལེན་བྱས་ནས། འཚོལ་ཞིབ་མ་ལག་དེས་རྒྱ་ནག་མི་མང་ལ། འགྲན་རྩོད་པ་འཚོལ་ཞིབ་མ་ལག་གཞན་ལས་གནས་ཚུལ་ཁྱབ་ཆེ་བ་དང་ལེགས་པ་སྤྲད་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

ཐོག་མར་ཕྱི་ལོ་༢༠༡༦ ལོར་གྷུ་གྷལ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་གྷུ་གྷལ་འཚོལ་ཞིབ་མ་ལག་དེ་ནི་མི་ཚང་མའི་ཆེད་དུ་ཡིན་པས། རྒྱ་ནག་ནང་དྲ་རྒྱལ་བཀོལ་སྤྱོད་བ་རྣམས་ལ་ཡང་ཞབས་ཞུ་སྒྲུབ་རྒྱུའི་འདོད་པ་ཡོད་སྐོར་བརྗོད་ནས། དམིགས་ཡུལ་གསལ་སྟོན་བྱས་ཡོད་འདུག རྗེས་སུ་རྒྱ་ནག་ཆེད་དུ་འཚོལ་ཞིབ་མ་ལག་བཟོ་སྐྲུན་བྱེད་བཞིན་པའི་གནས་ཚུལ་ཁྱབ་སྤེལ་སོང་སྐབས། ཚོང་ལས་ཁང་དེའི་མགྲིན་ཚབ་པས་བརྒྱུད་ལམ་ཁག་ཏུ། ཁོ་ཚོའི་མ་འོངས་པའི་ལས་འཆར་ཐོག་ལ་གཞན་གྱིས་ཚོད་དཔག་བྱས་པའི་གནད་དོན་ཐད་བཤད་རྒྱུ་གང་ཡང་མེད་སྐོར་བརྗོད་འདུག

འོན་ཀྱང་གསང་བའི་ཐོག་ནས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཚོང་ལས་ཁང་དེའི་ལས་བྱེད་ཁག་ཅིག་གིས། རང་ཉིད་ལས་གཞི་དེ་ལ་ལས་ཀ་བྱེད་འདོད་མེད་པས་སྡེ་ཚན་གཞན་ལ་ལས་སྤོ་བྱས་སྐོར་དང་། ཚོང་ལས་ཁང་ནང་ལས་བྱེད་མང་པོ་ཞིག་ལས་གཞི་དེ་ལ་བརྟེན་ནས་སེམས་འཚབ་དང་ཁོང་ཁྲོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

སྐབས་དེར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་རྒྱ་ནག་གི་ཞིབ་འཇུག་པས། གལ་ཏེ་གྷུ་གྷལ་གྱིས་ཁྲོམ་རའི་ཆེད་དུ་རྒྱ་ནག་གི་ཞིབ་བཤེར་ཁྲིམས་ཁས་ལེན་བྱས་ཚེ། དེ་ནི་དྲ་རྒྱའི་རང་དབང་ལ་མུན་ནག་གི་ཉིན་མོ་ཞིག་ཡིན་པ་དང་། གལ་ཏེ་ཁེ་བཟང་དེ་འགྲོ་བ་མིའི་ཐོབ་ཐང་ལས་གལ་ཆེ་བ་བརྩིས་ཚེ། གྷུ་གྷལ་གྱིས་སེམས་འཚབ་སྐྱེ་འོས་པའི་བྱ་སྤྱོད་ཀྱི་བརྒྱུད་རིམ་ཞིག་འགོ་འཛུགས་བྱས་ཡོད་པ་དང་། རྒྱ་ནག་གཞུང་ལ་རྒྱལ་ཁ་སྤྲད་པ་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་ཏུ་གྷུ་གྷལ་འཚོལ་ཞིབ་མ་ལག་རྒྱ་ནག་ནང་བསྐྱར་དུ་བཀོལ་སྤྱོད་བྱེད་རྒྱུ་ཡོང་སྲིད་པའི་གནས་ཚུལ་དེ་བདེན་པ་མིན་སྐོར་བརྗོད་འདུག་པ་དང་། གཞུང་གི་ལས་བྱེད་ཅིག་གིས་གྷུ་གྷལ་གྱིས་གནད་དོན་དེའི་ཐད་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ལས་གཞི་དེར་ཆོག་མཆན་ཐོབ་མེད་སྐོར་བརྗོད་འདུག

གནས་ཚུལ་དེ་ཐོན་རྗེས་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་དང་། ལས་འགུལ་བ། དེ་བཞིན་སྲིད་དོན་པ་སོགས་ཀྱིས་ངོ་རྒོལ་བྱས་ཡོད་ཁར། གྷུ་གྷལ་ཚོང་ལས་ཁང་གི་ལས་བྱེད་ཚོས་ཀྱང་དགག་བྱ་བྱས་ཡོད་པ་རེད། ཉེ་ཆར་གྱི་ཡོངས་ཁྱབ་འཕྲིན་ཡིག་དང་འབྲེལ་ནས། གྷུ་གྷལ་ཚོང་ལས་ཁང་གིས་ལས་འཆར་དེ་ནི་ཚོད་ལྟ་ཞིག་ཡིན་སྐོར་ལས་གཞན་གང་ཡང་འགྲེལ་བརྗོད་བྱས་མི་འདུག

ཕྱི་ལོ་༢༠༡༠ ལོར་གྷུ་གྷལ་གྱིས་རྒྱ་ནག་ནང་དུ་སྨྲ་བརྗོད་རང་དབང་ཚད་བཀག་བཟོ་ཡི་ཡོད་སྐོར་བརྗོད་ནས། འཚོལ་ཞིབ་མ་ལག་དེ་རྒྱ་ནག་ནས་ཕྱིར་འཐེན་བྱས་ཡོད་ཀྱང་། ད་ལྟའི་ཆར་རྒྱལ་སྤྱིའི་ནང་དྲ་རྒྱའི་ཁྲོམ་ར་ཆེ་ཤོས་དེ་རྒྱ་ནག་ཆགས་ཀྱི་ཡོད་པས། གྷུ་གྷལ་གྱིས་རྒྱ་ནག་གི་ཞིབ་བཤེར་ཁྲིམས་དང་མཐུན་པའི་འཚོལ་ཞིབ་མ་ལག་ཐོན་གཞན་ཞིག་བཟོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། དེ་སྔོན་ངོ་དེབ་ཚོང་ལས་ཁང་གིས་ཀྱང་རྒྱ་ནག་ནང་བཀོལ་སྤྱོད་ཡོང་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཟླ་༡༡ པའི་ནང་རྒྱལ་སྤྱིའི་བརྒྱུད་ལམ་སི་ཨན་ཨན་ཐོག་གི་དཔྱད་བརྗོད་ཅིག་ནང་། ལོ་བརྒྱད་རིང་བསྟུད་མར་རྒྱལ་སྤྱིའི་ནང་དྲ་རྒྱའི་རང་དབང་ཉམས་རྒུད་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གིས་ཨུ་རུ་སུ་དང་ཨ་ཧྥི་ར་ཀའི་རྒྱལ་ཁབ་ཁག་ཅིག་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག་སོགས་ཁྱོན་རྒྱལ་ཁ་༥༧ ལ། ལོ་མང་རིང་ཡར་རྒྱས་དང་བཀོལ་སྤྱོད་བྱེད་བཞིན་པའི་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་གྱི་མ་ལག་ཕྱི་འདྲེན་བྱས་པ་འམ། ལས་དོན་དེའི་ཐོག་སྦྱོང་བརྡར་སྤྲད་ཡོད་པ་དེ་ནི་ཛ་དྲག་གི་གནས་སྟངས་ཤིག་ཡིན་སྐོར་བརྗོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།