ང་དང་ང་ཚོའི་ཆེད་འབད་དགོས།

ཆེད་བརྗོད།

རྒྱ་དམར་གཞུང་གིས་བོད་ས་ཧམ་འཕྲོག་དང་བོད་ཡུལ་བཙན་བཟུང་བྱས་པ་ནས་བཟུང་བོད་མི་སྐྱབས་བཅོལ་བ་གང་མང་ཞིག་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་ཕྱིན་ཡོད་པ་དང། མི་ལོ་དྲུག་ཅུ་ལྷག་གི་རིང་རྒྱལ་ཁབ་སོ་སོའི་མི་སེར་ཆགས་ཟིན་པའང་མང་པོ་ཡོད། སློབ་སྦྱོང་གི་ཆ་ནས་བཤད་ཀྱང་རྒྱལ་ཁབ་སོ་སོའི་མི་སེར་དང་གཅིག་མཚུངས་བཞིན་གོ་སྐབས་ཐོབ་ཡོད་པས། རྒྱལ་ཁབ་སོ་སོའི་འཛིན་སྐྱོང་ལས་ཁུངས་ཁག་ནང་དབང་ཆ་ཡོད་པའི་ལས་གནས་སུ་སླེབས་ཐུབ་ཐབས་བྱ་རྒྱུ་དང། ཡུལ་ལུང་སོ་སོའི་འོས་བསྡུའི་འགྲན་སྡུར་ནང་ཞུགས་ནས་ཆབ་སྲིད་ཀྱི་གོ་གནས་རག་ཐུབ་པའི་འབད་བརྩོན་བྱ་རྒྱུ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། བོད་མི་ན་གཞོན་མང་པོ་ཞིག་ཡུལ་ལུང་དེ་དག་ཏུ་སྐྱེས་ཤིང་འཚར་ལོང་བྱུང་བ་ཡིན་པས། སློབ་སྦྱོང་གི་ཐོག་ནས་འགྲན་སྡུར་བྱེད་མི་ཐུབ་པ་གང་ཡང་མེད་ངེས་པ་དང། མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ཏུ་མི་རིགས་ཀྱི་ཁྱད་པར་མེད་པར་གོ་གནས་འཐོབ་ཐུབ་པ་ནི་དཔེར་ན་དབྱིན་ཇིའི་རྒྱལ་ཁབ་ཀྱི་སྲིད་བློན་རྒྱ་གར་བ་ཆགས་ཡོད་པ་ལྟ་བུ་རེད།
བོད་པའི་ནང་ནས་ཀྱང་བུད་མེད་ཤེས་འཇོན་གཉིས་ལྡན་བུ་ཁྲིད་ལགས་དཀར་པོ་ཆེ། ཁེ་ན་ཌ་རྒྱལ་ཁབ་ཀྱི་མི་འབོར་ས་ཡ་བཅོ་ལྔ་ལྷག་ཡོད་པའི་མངའ་སྡེ་ཆེ་ཤོས་ཨོན་ཁྲོ་རིའོ་མངའ་སྡེའི་(Ontario Legislature)གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བ་དང། མངའ་སྡེའི་གྲོས་ཚོགས་འཐུས་མི་གྲངས་༡༢༤ ཡོད་པའི་ནང་ནས་ཚོགས་གཞོན་དུ་འདེམས་ཐུབ་པ་ནི་བོད་ཀྱི་བུད་མེད་ཙམ་དུ་མ་ཟད་བོད་མི་ཡོངས་ཀྱི་ནང་ནས་མིག་དཔེར་འོས་པ་ཞིག་ཏུ་གྱུར་འདུག གཞན་ཡང་ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་(Aftab Karma Singh Pureval)ཨ་རིའི་གྲོང་ཁྱེར་སིན་སི་ནཱ་ཊི་(Cincinnati)གྲོང་ཁྱེར་སྤྱི་ཁྱབ་པར་འོས་འདེམས་བྱུང་ཡོད་པ་ལྟ་བུས་མཚོན། གོ་གནས་འདི་དག་འཛིན་མཁན་གྱི་བོད་མི་ན་གཞོན་གང་མང་སླེབས་ཐུབ་པར་ཤེས་ཡོན་དང་འཇོན་ཐང་ལ་བརྟེན་ནས་འདྲ་མཉམ་གྱིས་འབད་བརྩོན་བྱས་ན་གོ་སྐབས་ཡོད་པའི་ར་སྤྲོད་གསལ་པོ་བྱུང་ཡོད་པས། བྱང་ཨ་རིའི་ཁུལ་ཙམ་མ་ཡིན་པར་ཡུ་རོབ་སོགས་རྒྱལ་ཁབ་ཁག་ཏུ་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།
སྲིད་གཞུང་ཁག་གི་ཆབ་སྲིད་ཀྱི་དབང་ཆ་འཛིན་མཁན་དང། འཛིན་སྐྱོང་གི་ཐོག་ནས་ནུས་པ་ཡོད་མཁན་གྱི་གོ་གནས་སུ་སླེབས་དགོས་པ་གལ་ཆེན་པོ་ཡིན་པ་བཞིན། དངུལ་ཁང་སོགས་ཚོང་ལས་སྡེ་ཚན་ཁག་གི་ནང་ལས་ཞུགས་བྱེད་མཁན་ཡང་གང་མང་ཡོང་བའི་འབད་བརྩོན་བྱེད་ཐུབ་ན་བོད་རྒྱལ་ཁབ་བསྐྱར་གསོ་ཡོང་ཐབས་ལ་ནུས་པ་ཆེན་པོ་འདོན་ཐུབ་པ་ནི། རྗེའུ་མི་རིགས་རང་ཡུལ་ཤོར་ནས་མི་༢༠༠༠ ལྷག་འདས་ཀྱང་རྒྱལ་ཁབ་བསྐྱར་གསོ་བྱེད་ཐུབ་པའི་གོ་སྐབས་བྱུང་བ་ནི། གཙོ་བོ་ཨ་རིས་མཚོན་ཡུལ་གྲུ་དུ་མ་ཞིག་ཏུ་རྗེའུ་མི་རིགས་ཀྱིས་དཔལ་འབྱོར་དང་འབྲེལ་བའི་ལས་ཁུངས་ཁག་གིས་གཙོས་གོ་གནས་མང་པོ་ཞིག་འཛིན་ཐུབ་པ་བྱུང་ཞིང། ཕན་ཚུན་གཅིག་གིས་གཅིག་ལ་རོགས་རམ་དང་མིག་དཔེ་བལྟས་ནས་འབད་བརྩོན་བྱས་པ་བརྒྱུད་དཔལ་འབྱོར་གྱི་ཐོག་ནས་རྗེའུ་མི་རིགས་བརྟན་པོར་གནས་ཐུབ་ཡོད། དེ་ལ་བརྟེན་ནས་ད་ལྟའི་ཆར་རྒྱལ་ཁབ་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས་བོད་མི་ཚོས་རྗེའུ་མི་རིགས་ལ་མིག་དཔེ་བལྟ་དགོས།
ཨ་རིའི་ལ་མཚོན་ན་ཨོ་བྷ་མ་ཨ་ཧྥི་རི་ཀ་ནས་བྱུང་བའི་མི་རྒྱུད་ཡིན་པ་དང། ཌོ་ནོལ་ཊོམ་ཡུ་རོབ་རྗར་མེ་ནི་ནས་ཡོང་བའི་ཁྱིམ་ཚང་ཞིག་ནས་ཡིན་པ་ལྟ་བུས་མཚོན། བོད་པའི་ཁ་རྒྱུན་དུ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་དཔེ་ཞིག་ཡོད་པ་བཞིན། ཡུལ་ལུང་སོའི་ལས་གནས་གལ་ཆེན་ཁག་གི་ནང་སླེབས་ཐུབ་པའི་ཐོག་ལ་འབད་བརྩོན་བྱེད་དགོས་པ་དེ་ཕྱོགས་ཡོངས་ནས་གལ་གནད་དུ་བརྩིས་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ད་ལྟའི་ཆར་བོད་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་པ་དང། རྒྱ་གཞུང་གིས་ཤོད་སྟངས་ལྟར་ན་བོད་ལ་བཅིངས་འགྲོལ་བཏང་ནས་ད་ལྟའི་ཆར་འདྲ་མཉམ་དང་ཡར་རྒྱས་ཆེན་པོ་སོང་ཡོད་པའི་འུད་སྒྲོགས་བྱེད་བཞིན་ཡོད་ཀྱང། ད་དུང་རྒྱ་ནག་དབུས་གཞུང་གི་དཔོན་རིགས་གལ་ཆེ་བའི་གྲས་སུ་བོད་པ་སུ་གཅིག་སླེབས་མྱོང་མེད་པ་དང། ལོ་འདིར་རྒྱ་ནག་དབུས་ཆབ་སྲིད་ཇུས་ཟེར་བའི་ནང་དུའང་རྒྱ་ནག་ཧན་མི་རིགས་འབའ་ཞིག་ལས་མི་རིགས་གཞན་དག་སུ་གཅིག་སླེབས་མེད་ལ། འདས་པའི་ལོ་རྒྱུས་ནང་དུའང་དེ་དང་གཅིག་མཚུངས་ལྟ་བུ་རེད།
མདོར་ན་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ན་གཞོན་ཤེས་འཇོན་གཉིས་ལྡན་དག་གིས་ཡུལ་ལུང་སོ་སོའི་ནང་དབང་ཤུགས་ཡོད་པའི་ལས་གནས་སུ་སླེབས་ཐབས་དང། ད་ལྟའི་ཆར་དཔེ་མཚོན་ཁ་ཤས་ཤིག་གོང་དུ་དྲངས་ཡོད་པ་ཙམ་མ་ཡིན་པར་ད་དུང་ཆེ་ཆུང་ལ་མ་ལྟོས་པར་ལས་གནས་སྣ་ཚོགས་སུ་འཛུལ་ཞུགས་བྱེད་མཁན་ཡོད་ངེས་རེད་ལ། མ་འོངས་པར་རེ་བ་ཆེ་ཙམ་དང་འབད་བརྩོན་མང་ཙམ་བྱས་ནས་གོ་སྐབས་དེ་དག་འཐོབ་ངེས་པ་ལས། ཆབ་སྲིད་དང་སྤྱི་ཚོགས་ནང་འགྲན་བསྡུར་བརྒྱུད་འཛུལ་ཞུགས་བྱེད་སྐབས་བདག་ལས་གཞན་གཅེས་དང། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་ལེན། ཞེས་པའི་གདམས་ངག་གལ་ཆེན་འདི་དག་བེད་སྤྱོད་མེད་པར་དབེན་པའི་རི་ཁྲོད་དུ་བཞུགས་མཁན་རྣམས་ཀྱི་ཆོས་སྐལ་དུ་ངོས་འཛིན་བྱེད་དགོས། ཆོས་ཀྱི་ནང་དུ་ཆབ་སྲིད་བསྲེས། ཆབ་སྲིད་ཀྱི་ནང་དུ་ཆོས་བསྲེས་ནས་གཉིས་ཀ་ནུས་མེད་དུ་འགྱུར་བཞིན་ཡོད་པས་མི་རབས་གསར་པ་རྣམས་ཀྱིས་ང་དང་ང་ཚོའི་ཆེད་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོར་གྱུར་ཡོད།།

Share this:

Leave a Reply