ང་དེ་རིང་ངུ་ན་འདོད། གཞུང་ས་དང་གཞུང་འབྲེལ།
ང་ལ་མཚོན་ན། གནས་བབ་ཅི་ཞིག་ལ་གྱར་ཀྱང་། གཞུང་ས་དང་གཞུང་འབྲེལ་གྱི་ཐ་སྙད་འབབ་ས་གཅིག་ཁོ་ན་ལས་མེད། དེ་ནི་བོད་གཞུང་ཁོ་ན་ཡིན།
བོད་ཀྱི་བཙན་པོ་དང་། བྱས་པ་ཅན་གྱི་དམག་དཔོན་དུ་མས་སྙིང་སྟོབས་དང་གཅེས་སྲོག་གིས་བོད་རྒྱལ་ཁབ་དང་། བོད་ཀྱི་སྲིད་གཞུང་བསྐྲུན་པ་དེ་ང་ཚོར་བཞག་པའི་ཕ་རྒྱུ་མ་ཟོག་ཡིན།
དེ་རྗེས་མི་རབས་དུ་མ་དང་། ལྷག་པར་སྤྱི་ལོ་ཞེ་དགུ་ལོར་དགྲ་བོ་རྒྱ་ནག་གིས་བོད་དུ་བཙན་འཛུལ་འགོ་བཙུགས་པ་ནས་ད་བར་གཞུང་ས་དེའི་སྲུང་སྐྱོབ་དང་། བདག་དབང་གི་དོན་དུ་དཔའ་བོ་དཔའ་མོ་གྲངས་མེད་ཀྱིས་ཚེ་སྲོག་བཏང་ནས་འཐབ་རྩོད་ཀྱིས་ལོ་ཟླ་བསྐྱལ་དང་སྐྱེལ་བཞིན་པ་དེ་ང་ཚོར་བཅོལ་བའི་ཁ་ཆེམས་དང་འགན་འཁྲི་ཡིན་པས། ང་ཚོས་དེ་དང་འབྲེལ་བའི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་ཅིང་། འཐབ་རྩོད་ལ་ཕྱིར་བཤོལ་བྱེད་པའི་ཐོབ་ཐང་ག་ལ་ཡོད།
ད་དུང་མ་འོངས་བོད་མིའི་མདུན་ལམ་ཆེད་དུ། རང་ཉིད་ཀྱི་གཞུང་ས་ལ་རེ་བ་དང་དུང་བ་ཟབ་པས། ང་མ་ཤི་བར་དུ་ང་ལ་གཞུང་ས་དང་གཞུང་འབྲེལ་གཅིག་ལས་མེད། དེ་ནི་བོད་གཞུང་ཁོ་ན་ཡིན།
འདི་ནི་བོད་པ་རང་ཉིད་ཀྱིས་གསོད་བཞིན་པའི་བོད་ཀྱི་ལོ་རྒྱུས་སྲུང་སྐྱོབ་གསལ་སྟོན་ཆེད་འབངས་མི་ཞིག་དང་། ལས་འགུལ་བ་ཞིག་གི་འགན་འཁྲི་དང་། རེ་འདོད་ཀྱི་ན་ཟུགས་ཤུགས་ཀྱིས་བརྗོད་པ་ཡིན།
“དྲེད་མོང་གིས་འཕྱི་བ་བཟུང་བའི་དཔེ་”ལྟར། ཁེ་ཕན་ཉི་ཚེ་བ་ཞིག་རག་འདོད་ཀྱིས་ཐོབ་ཟིན་པ་དང་། ཡོད་བཞིན་པའི་ལངས་ཕྱོགས་དང་། དབང་ཆ། རང་དབང་དང་། རྩ་དོན་རེ་རེ་བཞིན་འདོར་ཏེ། དགྲ་ལ་ཡིད་ཆེས་དང་རེ་བ་འདི་ལྟར་བཅོལ་བ་དབང་པོའི་ཡུལ་དུ་འཆར་ཚེ། ངུ་སྐད་འདོན་མི་ཕོད་ཀྱང་། བརྒྱལ་ལ་ཉེ་བའི་སེམས་སྡུག་ཚད་མེད་ཅིག་གི་དྲི་རྟགས་དམར་པོ་གཅིག་སྣེ་གཅིག་ལ་མཐུད་ནས་ཡོང་བའི་ན་ཟུགས་དེས་ང་དེ་རིང་ཧ་ཅང་གཙེས་ཤིང་མནར།
ཉེ་བའི་ལོ་ཤས་རིང་བཙན་བྱོལ་བོད་མིའི་ཁྲོད་དུ་བོད་ཀྱི་འཐབ་རྩོད་དང་། བོད་ཀྱི་ལོ་རྒྱུས་ལ་བོད་མི་རང་ཉིད་ཀྱིས་གད་ཆག་གཏོང་འགོ་ཚུགས་པ་ནི། “མགོ་བདེ་བརླག་འཚོང་”ཟེར་བའི་དཔེ་ལྟར། ཇི་འདྲའི་ཕམ་ཁའི་ངོ་གནོངས་དང་། ལོ་རྒྱུས་ཀྱི་ནག་ཉེས་ཆེན་པོ་ཞིག ང་ངོ་མ་ངུ་ན་འདོད། ངས་འདི་དག་གོ་མི་འདོད་ཅིང་། མཐོང་ན་མི་འདོད།
ཕུ་ནུ་མིང་སྲིང་རྣམ་པ། ངས་ཞུ་འབོད་ཅིག་བྱེད། བོད་ཀྱི་འགོ་དཔོན་དང་འབངས་མི་སུ་ཞིག་ཡིན་ཡང་བོད་ཀྱི་ལོ་རྒྱུས་དང་ལས་དབང་འབྲེལ་བའི་ཐ་སྙད་རེ་རེ་ཡིན་ཡང་། ལོ་རྒྱུས་ལ་བསམ་དགོས་པ་ལས། སྒེར་སེམས་དང་ཁེ་ཕན་ཉེ་ཚེ་བའི་དོན་དུ་བྱུང་ཟིན་པའི་ལོ་རྒྱུས་ལ་ཧོལ་རྒྱུགས་ཀྱིས་ཐ་སྙད་གསར་རྩོམ་དང་། ལོ་རྒྱུས་གསར་འགྲེལ་བྱས་ན་“གོས་ལ་རུང་ཡང་ལུས་ལ་མི་རུང་བའི་དཔེ་”ལྟར། ང་ཚོ་སྒེར་ལ་རུང་ཡང་བོད་དང་བོད་ཀྱི་ལོ་རྒྱུས་ལ་གཏན་ནས་མི་རུང་བས། ངེས་པར་དུ་གཟབ་དགོས།
དེ་མིན་“ར་སྤུའི་འུར་རྡོས་ར་ཡི་མགོ་བོ་བཅོམ་”པའི་དཔེ་ལྟར། ད་ལྟའི་ང་ཚོའི་གོམ་སྟབས་ནོར་བ་རེ་རེ་མ་འོངས་བོད་མི་རབས་ཀྱི་སྙིང་སྟོབས་དང་། རེ་འདོད། དབང་ཚད་དང་མདུན་ལམ་གྱི་བཀག་རྡོ་རུ་འགྱུར་སྲིད་ལ། ལྷག་པར་དགྲ་བོས་བོད་ཀྱི་ལོ་རྒྱུས་གསོད་པའི་ངན་གྲོགས་སུ་འགྱུར་ངེས་པས། ཕུ་ནུ་མིང་སྲིང་རྣམ་པ་ཡིད་གཟབ་གནང་རོགས། བོད་ཀྱི་འདས་མ་ད་གསུམ་ལ་སེམས་པ་འཇོག་རོགས།
ང་ཚོས་ད་ལྟ་ལོ་རྒྱུས་ཀྱི་བདག་དབང་རྩོད་མ་ཐུབ་ཀྱང་དེ་ངེས་པར་སྲུང་སྐྱོབ་དགོས་པ་ལས། ལོ་རྒྱུས་ལ་འཁྱོགས་བརྗོད་དང་། གོམ་པ་རེ་རེ་བཞིན་ལོ་རྒྱུས་ནག་གསུབ་ཀྱིས་དགྲ་བོར་བསྟུན་མཁས་དང་། དགྲ་བོའི་མངོན་འདོད་སྒྲུབ་ན། བོད་ད་ལྟའི་སྐྱ་ཆད་སྔོ་སྡུག་གི་སྐབས་སུ་བརྡ་འདེད་བྱེད་མཁན་མེད་རུང་། མ་འོངས་བོད་ཀྱི་མི་རབས་འཇོན་ནུས་དཔའ་སྤོབས་ཅན་ཚོས་ལོ་རྒྱུས་ཀྱི་ནག་ཉེས་དང་འགན་འཁྲི་ལ་རྩད་གཅོད་བྱ་ངེས་རེད་ལ། དེ་དུས་ལོ་རྒྱུས་ཀྱི་དེབ་ཐེར་ནང་དཀར་ནག་གི་ས་མཚམས་ཤིག་ངེས་པར་གཏོད་ངེས་རེད།
ང་ལ་བཙན་པོས་བསྐྲུན་པའི་རྒྱལ་ཁབ་ཅིག་བྱུང་མྱོང་ལ། མི་རབས་རིམ་བརྒྱུད་ཀྱིས་སྲུང་བའི་གཞུང་ས་ཞིག་དང་འཐབ་རྩོད་ཅིག་ཡོད་ཚར་བས། ད་བར་གྱི་རེ་བ་དང་བློས་གཏོང་སྟེ། མདོར་ན་ད་བར་གྱི་བོད་མིའི་འཐབ་རྩོད་དེ་མ་མཐའ་ཡང་སྡུག་གྱོང་མིན་པའི་ངོས་འཛིན་དང་། རེ་བཞག་ཞིག་གིས་བོད་རྒྱལ་ཁབ་སླར་གསོ་ཡོང་བའི་འདུན་པ་འཆང་ཡོད།
དེ་ནི་ངས་བོད་ཀྱི་མ་འོངས་པ་དང་བོད་ཀྱི་མི་རིགས་ལ་བཅོལ་བའི་ཡིད་ཆེས་དང་། རེ་བཞག སྨོན་འདུན་དང་། ཡོད་ཚད་ཡིན།
སྤྱི་ལོ ༢༠༡༨།༤།༢༥ སྟེ། ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་ཉིན་ནིའུ་ཡོག་ནས་སྤོ་ཆུང་ཚང་དོན་གྲུབ་ལྷ་དར་གྱིས་སྤེལ་ལོ།། །།