ང་ཚོ་ཡང་འཕག་འཚག་ཅིག་རྒྱག་རན་འདུག
བོད་མི་རྣམས་ཀྱིས་འདས་པའི་དུས་རབས་ཕྱེད་ལྷག་ཅིག་གི་རིང་ལ་རྒྱ་དམར་སྲིད་གཞུང་གི་བསམ་ངན་སྦྱོར་རྩུབ་ཀྱི་ངན་སྤྱོད་ཁག་འཛམ་གླིང་གི་སྲིད་གཞུང་དང་། སྒྲིག་འཛུགས་ཁག་ལ་གཅིག་གཅིག་གཉིས་བྱས་ནས་མ་གོ་མ་ཐོས་མེད་པར་བསྒྲགས་ཀྱང་། སུ་གཅིག་གིས་ཀྱང་ཧ་ལམ་ཉན་འཇོག་མེད་པར་ད་བར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་རྒྱ་ནག་ལ་བརྟེན་གང་ཐུབ་བྱས་པ་རེད། ཡིན་ནའང་། འདི་ལོའི་རྒྱ་ནད་(convid-19) འདིས་རྐྱེན་པས་ཟླ་བ་གཅིག་གཉིས་ཤིག་གི་ནང་ལ་རྒྱ་ནག་གི་ངན་གཡོ་དང་། རུལ་སུངས་ཀྱི་ཀུན་སྤྱོད་དམར་དམར་རྗེན་རྗེན་དུ་ཕུད་ནས་འཛམ་གླིང་མི་མང་གི་མདུན་དུ་བཤམ་ཡོང་བའི་སྐབས། ང་ལ་མཚོན་རྒྱ་ནད་འདི་ལ་ཡིད་ཚིམས་པའི་སྣང་བ་ཞིག་བྱུང་།
དངོས་གནས་བཤད་ན་ད་སྐབས་འཛམ་གླིང་གི་ཁ་ལེབ་ལྟ་བུའི་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་མཚོན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་དང་ཚོགས་པ། མི་སྒེར་སོགས་ཚང་མས་རྒྱ་ནག་སྲིད་གཞུང་ཙམ་དུ་མ་ཟད། རྒྱ་མི་རིགས་ལ་ཡང་ལྟ་ཚུལ་འགྱུར་ནས། སྡང་སེམས་དང་འཁོན་འཛིན། དགྲར་འཛིན་གྱི་མེ་ལྕེ་ཞིག་མཆེད་བཞིན་པའི་སྐབས། ངེད་བོད་ཀྱི་བཙན་བྱོལ་སྲིད་གཞུང་དང་གཞོན་ནུ་བུད་མེད་སོགས་ཀྱིས་ཀྱང་། དཔའ་མེད་ཀྱང་ཁུ་ཚུར་ཞིག་ཕྱར་རན་འདུག་སྟེ། དེ་ཙམ་མངོན་ས་ལ་སླེབས་ཀྱི་མེད་པ་ནི་དངོས་གནས་ཐབས་ཟད་པའི་མཐའ་ལ་ཐུག་པ་མིན་ནམ་སྙམ།
དུས་ཚོད་འདི་འདྲའི་སྐབས་སུ་གཞུང་དང་ཚོགས་པ་ཁག་སྲང་ལམ་ལ་བུད་ནས་ལས་འགུལ་སྤེལ་ཐུབ་པའི་གནས་སྟངས་ཤིག་མེད་པའི་དབང་དུ་བཏང་ཡང་། རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ཁག་དུ་བསྒྲགས་གཏམ་ནན་མོ་རེ་གཏོང་མཁན་མེད་པ་ཡང་དངོས་གནས་བཤད་ན་ཐབས་སྐྱོ་པོ་འདུག ང་རང་ལ་མཚོན་ན་ཡང་འདི་ལྟ་བུའི་འཇོན་ཐང་དང་ནུས་པ་མེད་པ་འདིས་རང་ཉིད་ནི་ས་འབུ་ཞིག་གི་ཚད་ལས་བརྒལ་མེད་པའི་ཚོར་བ་བྱུང་།
སྔར་རྒྱལ་སྤྱིའི་དཔལ་འབྱོར་རྒྱ་ནག་ལ་བརྟེན་གང་ཐུབ་བྱེད་བཞིན་པའི་སྐབས། ང་ཚོས་རྒྱ་ནག་གིས་བཟོས་པའི་ཇ་དམ་དང་དཀར་ཡོལ་བཅག་པ་དང་། ཉལ་ཁེབ་མེར་བསྲེགས་ཀྱི་རྒྱ་ནག་ལ་ངོ་རྒོལ་བྱས་པ་རེད། དེ་ཙམ་གྱིས་རྒྱ་ནག་གི་བ་སྤུའི་ཁུང་བུ་གཅིག་གི་སྟོང་ཆ་ལ་ཡང་འགུལ་སྐྱོད་ཐེབས་མི་སྲིད་ལ། རྒྱལ་སྤྱིའི་མིག་ནང་ལ་དེ་ལས་ཀྱང་སྐུ་རྩེད་ཉམས་མཚར་ཞིག་བརྩེ་པ་ལྟ་བུ་རེད། ཡིན་ནའང་། ང་ཚོའི་ངོས་ནས་དེ་ཙམ་བྱས་པ་ཡང་ཅིག་བྱས་བཞག་པ་ཞིག་རེད། ད་ཆ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་དཔལ་འབྱོར་གྱི་ཆད་པ་གཅོད་པ་དང་། རྒྱ་ནག་ནས་ཚོང་ལས་དང་། ཐོན་སྐྱེད་བཟོ་སྐྲུན་ཆེན་པོ་དག་ཀྱང་ཕྱིར་འཐེན་བྱེད་བཞིན་པའི་སྐབས། ང་ཚོས་དེ་ལས་མ་བྱུང་ཡང་ཁོང་ཚོར་རྒྱབ་སྐྱོར་བྱས་ནས་མེ་ཐོག་ལ་སྣུམ་བླུགས་པ་ལྟ་བུའི་འུར་འུར་ཟང་ཟིང་རེ་བྱེད་རྒྱུ་ལོས་ཡོད་སྙམ་པ་ཞིག་བྱུང་།
ཁ་སང་ཐའེ་ཝན་སྲིད་འཛིན་གྱི་གཏམ་བཤད། དེའི་དེ་མ་ཐག་པའི་སྔོན་གྱི་ཧོང་ཀོང་གི་ངོ་རྒོལ་བསྐྱར་ལངས་སོགས་ཀྱི་སྐབས་སུ་ངས་བོད་ཀྱི་གཞོན་ལྷན་དང་བུད་མེད་སོགས་ཀྱིས་ཐ་ན་བསྒྲགས་གཏམ་ནན་མོ་རེ་བཏང་ན་ཡང་བློ་ཚིམས་པ་ཞིག་ཡོང་ས་རེད་བསམ་པ་བྱུང་། དེ་མིན་ད་ལྟའི་དུས་རབས་སུ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ། ཞི་བདེ། འཚེ་མེད། འདྲ་མཉམ་ཟེར་བའི་ཐ་སྙད་སྙན་མོ་མ་འདི་དག་ནི། རྟོགས་བཏགས་སྙན་ངག་རེ་འབྲི་བྱེད་ཀྱི་མངོན་བརྗོད་ལྟ་བུ་རེ་ཡོང་ན་གང་ཤེས་མ་གཏོགས། གཞན་གནད་འགག་ལ་གཏུག་ཡོང་དུས། མཐོ་རིམ་དཔོན་རིགས་དང་སྔོན་ཐོན་རྒྱལ་ཁབ་ཁག་གིས་གཅིག་གིས། གཅིག་ལ་ངན་ཁ་དཀྲི་བྱེད་ཀྱི་ལག་ཆ་ཐེབས་ཆགས་ཤིག་གི་ཚད་ལས་བརྒལ་མི་འདུག་པ་ལྟར་སྣང་ལ། གཉའ་གནོན་དང་མནར་གཅོད་མྱོང་ཡུལ་གྱི་མི་རིགས་ཉམ་ཆུང་དག་ལ་མཚོན་ན་ནི། དེ་བས་ཀྱང་ཁ་ནང་མི་འོང་བའི་མར་གྱི་ཐུག་པ་ཞིག་ལས་གཞན་གང་ཡང་མེད་ཚོད་རེད།
ང་ཚོ་མི་སྒེར་བ་ཞིག་ལ་མཚོན་ན་ཧ་ཅང་གི་མི་སྣ་གལ་ཆེན་རེ་ཡིན་ན་མ་གཏོགས། ལས་འགུལ་ནུས་ལྡན་ཞིག་སྤེལ་དགོས་ཟེར་ན་སྨོན་ལམ་བཏབས་པ་འདྲ་ཞིག་ལས་གང་ཡང་ཡོད་དཀའ་ན་ཡང་། ཚོགས་པ་སྒྲིག་འཛུགས་ཤིག་གིས་སྣེ་ཁྲིད་བྱས་པ་ཡིན་ན། མི་རེ་རེའི་ནུས་པ་ཡང་སྤུངས་ས་ཡོད་པས། མི་མང་ལག་པ་གསེར་ཟེར་བའི་དཔེ་ལྟར། ལས་འགུལ་གང་ཞིག་སྤེལ་བ་ཡིན་ན་ཡང་ནུས་པ་ལྡན་པ་ཞིག་ཡོང་རྒྱུ་ཡོད་པ་བཤད་ག་ལ་དགོས། གོ་སྐབས་ཟེར་བ་ཡང་འདི་ལས་གཞན་ཞིག་གང་ན་ཡོད། དེར་བརྟེན། ད་ལྟའི་དུས་སྐབས་འདི་ནི་བཙན་བྱོལ་བོད་གཞུང་གིས་གཙོས་པའི་གཞོན་ལྷན་དང་བུད་མེད་སོགས་བོད་ཀྱི་རྩ་དོན་ལ་འགན་ཁུར་བྱེད་མཁན་གྱི་ཚོགས་པ་སྒྲིག་འཛུགས་ཁག་འཕག་འཚག་ཅིག་རྒྱག་རན་པའི་དུས་ལ་བབ་འདུག་སྙམ།།
བཀྲ་ཤིས་བདེ་ལེགས་སམ་ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས་བྷེལ་ཇམ་གྱི་རྒྱལ་ས་བྷུ་རུ་སལ་ནས། ༢༠༢༠ ཟླ་ ༠༥ ཚེས་ ༢༡ ཉིན།