ང་ཚོ་སྐྱབས་བཅོལ་བ་ཡིན་ནམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༨༥ ཕྱི་ལོ་ ༢༠༡༨/༢ /༧
སྤྱིར་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ལོ་ལྟར་སྐྱབས་བཅོལ་བ་མང་ནས་མང་དུ་འགྲོ་བཞིན་ཡོད་ལ། སྐྱབས་བཅོལ་བའི་ངོ་བོ་ཡང་ཆབ་སྲིད་ཀྱི་ཐོག་ནས་སྐྱབས་བཅོལ་བ་དང་། དཔལ་འབྱོར་གྱི་ཐོག་ནས་སྐྱབས་བཅོལ་བ། སྲོག་ཉེན་གྱི་ཐོག་ནས་སྐྱབས་བཅོལ་བ་སོགས་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། བོད་པ་ལ་མཚོན་ན་ད་བར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་པ་དེ་དག་གཙོ་བོ་ཕྱིའི་རྣམ་པའི་ཆ་ནས་ཆབ་སྲིད་ཀྱི་རང་དབང་མེད་པར་རང་ཡུལ་དུ་སྡོད་མ་བཟོད་པར་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ལ་འགྲོ་བཞིན་པ་ཞིག་རེད། དེར་བརྟེན་ང་ཚོའི་སྐྱབས་བཅོལ་བ་ཞེས་པ་དེའི་གོ་དོན་དང་གནས་སྟངས་སོགས་ཕྱོགས་གང་ཐད་ནས་གསལ་པོ་ཞིག་ངོ་ཤེས་དགོས་པ་དེ་ཧ་ཅང་གལ་ཆེ་ལ། སྐྱབས་བཅོལ་བའི་འགྲོ་སྟངས་སྤྱི་དང་ལྷག་པར་དུ་རྒྱལ་སྤྱིའི་ཁྲིམས་སྲོལ་ནང་སྐྱབས་བཅོལ་བ་ཞེས་པ་དེ་ག་འདྲ་ཞིག་ལ་གོ་དགོས་མིན་དེ་གསལ་པོ་ཤེས་རྟོགས་དགོས་པ་དེ་གལ་ཆེ་ཤོས་ཡིན། དེ་མ་ཤེས་པ་ནི་དགེ་སློང་ཞིག་གིས་རང་ཉིད་ཀྱི་བསླབ་ཁྲིམས་མ་ཤེས་པ་དང་གཅིག་མཚུངས་སུ་གྱུར་ཡོད།
སྤྱིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་སྐོར་གྱི་ཆོད་ཡིག་ལ་མོས་མཐུན་མ་བྱས་པའི་རྒྱལ་ཁབ་ཀྱང་ཡོད་ལ། དཔེར་ན་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་གཞུང་ལ་མཚོན་ནའང་སྐབས་དེར་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཆོད་ཡིག་ལ་མོས་མཐུན་མིང་རྟགས་མ་བཀོད་པའི་གྲས་རེད། དེ་བཞིན་རྒྱ་གར་གཞུང་གིས་ཀྱང་ད་བར་སྐྱབས་བཅོལ་བའི་སྐོར་ལ་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེ་འདྲ་གང་ཡང་མེད་སྟབས། རྒྱ་གར་གཞུང་གི་འཛིན་སྐྱོང་གི་ཐག་གཅོད་ཙམ་ལས་ཁྲིམས་ཀྱི་ཐོག་ནས་རྒྱབ་རྟེན་གང་ཡང་མེད། རྒྱ་གར་དུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་རྣམས་ལ་མཚོན་ནའང་ཁྲིམས་ཐོག་ནས་རྒྱ་གར་གཞུང་གིས་སྐྱབས་བཅོལ་བ་ཞིག་ལ་ངོས་འཛིན་གནང་མེད་ལ། རྒྱ་གར་དུ་གནས་སྡོད་ཆོག་པའི་དེབ་སྐྱེལ་ཡིག་ཆ་(Ρ.Χ.)ཡང་ཕྱི་རྒྱལ་གྱི་མི་ཞིག་རྒྱ་གར་དུ་གནས་སྡོད་ཆོག་པའི་ཆོག་མཆན་ཡིག་ཆ་ཙམ་ལས་སྐྱབས་བཅོལ་ལག་ཁྱེར་ཞིག་གཏན་ནས་མིན། འོན་ཀྱང་དོན་གྱི་ཐོག་ནས་རྒྱ་གར་གཞུང་གིས་བོད་པ་བཙན་བྱོལ་བར་གཟིགས་སྐྱོང་ཧ་ཅང་ཆེན་པོ་གནང་གི་ཡོད།
འོན་ཀྱང་ཁྲིམས་ལུགས་ཀྱི་རྒྱབ་རྟེན་དང་གཞི་འཛིན་ས་མེད་པས་མ་འོངས་པར་ཡང་འཛིན་སྐྱོང་གི་ཐག་གཅོད་གནང་སྟངས་དང་། སྲིད་བྱུས་འཛིན་སྟངས་ཀྱི་ཐོག་ནས་འགྱུར་བ་གཏོང་མི་ཆོག་པ་ཞིག་གང་ཡང་མ་རེད། དེར་བརྟེན་བོད་པ་སྐྱབས་བཅོལ་བའི་གནས་སྟངས་དང་ངོ་བོ་གང་ཡིན་པ་དེ་ཚང་མས་ཤེས་དགོས་པའང་གལ་ཆེན་པོར་གྱུར་ཡོད། དེ་བཞིན་རྒྱལ་ཁབ་གཞན་མང་པོ་ཞིག་ལ་མཚོན་ན་རང་དབང་ཆབ་སྲིད་ཀྱི་ཐོག་ནས་བཙན་བྱོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཞིག་མཚོན་ན། རྩ་བའི་ཆ་ནས་གང་ནས་ཡོང་བའི་ཡུལ་དེར་ཕྱིར་ལོག་ས་གཏན་ནས་མེད་པ་ཞིག་ཡིན་དགོས་པ་དེ་རེད། གང་ནས་བཙན་བྱོལ་དུ་ཡོང་བའི་ཡུལ་དེ་ལ་ཕར་འགྲོ་ཆོག་ཆོག་ཡིན་ན་མི་དེ་རྒྱལ་ཁབ་སོ་སོའི་ཆབ་འབངས་སུ་གྱུར་ཟིན་པ་ཞིག་ཡིན་ན་མ་གཏོགས། གཞན་ཉིན་དེ་ནས་བཟུང་ཁྲིམས་ཐོག་ནས་སྐྱབས་བཅོལ་བའི་ཐོབ་ཐང་དེ་བརླགས་འགྲོ་བ་ཞིག་རེད། དེར་བརྟེན་གནད་དོན་འདིའི་ཐོག་ནས་བཙན་བྱོལ་བོད་མི་རྣམས་ཀྱི་ངོས་ནས་བསམ་བློ་གཏོང་དགོས་པ་ཧ་ཅང་མང་པོ་ཞིག་ཡོད་ཀྱང་འདིར་དེ་ཙམ་ལས་མ་སྤྲོས།
ད་ལན་སྐབས་སུ་བབ་པའི་བརྗོད་དོན་གཙོ་བོ་ནི། བོད་ནས་སྔ་རྗེས་སུ་བཙན་བྱོལ་པ་མང་པོ་ཞིག་རྒྱ་གར་དུ་ཡོང་གི་ཡོད་པ་དང་། དེའི་ནང་ནས་ཀྱང་རྒྱ་གཞུང་གི་མནར་གཅོད་མྱངས་པའི་བོད་དོན་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་ཀྱང་སྔ་རྗེས་སུ་ཕེབས་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་བཙོན་པ་རྣམས་དང་། འབྲེལ་ཆགས། འབྲེལ་ཡོད་ཅེས་སྡེ་ཚན་གསུམ་དུ་དབྱེ་ནས་ཨོ་སི་ཁྲུ་ལི་ཡར་སྐྱབས་བཅོལ་དུ་མང་པོ་ཞིག་སྔ་རྗེས་སུ་བཏང་ཡོད་ལ། ད་ལྟའི་ཆར་ཡང་མང་པོ་ཞིག་གཏོང་བཞིན་ཡོད། གནད་དོན་འདིའི་ཐོག་ནས་བསམ་བློ་གཏོང་དགོས་པ་གཅིག་ལ་ཨོ་སི་ཁྲུ་ལི་ཡར་ཆབ་སྲིད་བཙོན་པ་རྣམས་སྐྱབས་བཅོལ་དུ་གཞུང་འབྲེལ་གྱི་ཐོག་ནས་གཏོང་སྐབས། ཨོ་སི་ཁྲུ་ལི་ཡའི་གཞུང་གི་འགེངས་ཤོག་སོགས་ཡིག་ཆ་རྣམས་སུ་བོད་ལ་ཕྱིར་ལོག་ས་ཡོད་མེད་སྐོར་གྱི་གསལ་ཁ་ཡོད་མེད་ཤེས་རྟོགས་མེད་ཀྱང་། རྩ་བས་དེ་ལྟར་ཡོད་དགོས་ངེས་ལྟ་བུར་མཐོང་། ཡོད་ན་དེའི་ཕྱོགས་ལ་བདེ་སྲུང་ལས་ཁུངས་ནས་རྩད་གཅོད་དང་ཞིབ་འཇུག་ར་སྤྲོད་གསལ་པོ་གནང་གི་ཡོད་མེད་དེ་གནད་འགག་ཆེན་པོ་རེད།
མདོར་ན་ཆབ་སྲིད་བཙོན་པ་དང་། གཞན་འབྲེལ་ཆགས། འབྲེལ་ཡོད་ཅེས་པ་དེ་ཚོའི་ནང་ལྡི་ལི་དང་། བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་ནས་ཕྱི་སྡོད་རྒྱ་མིའི་ལག་ཁྱེར་བླངས་ནས་བོད་ལ་འགྲོ་མཁན་མང་པོ་ཡོད་ཚོད་འདུག་ན། འདི་དག་ལ་བདེ་སྲུང་ལས་ཁུངས་ནས་ངོས་འཛིན་ག་འདྲ་གནང་གི་ཡོད་མེད་དང་། འདི་ཚོ་ཨོ་སི་ཁྲུ་ལི་ཡར་གཞུང་འབྲེལ་གྱིས་སྐྱབས་བཅོལ་དུ་བཏང་ན་ཁྲིམས་མཐུན་ཡིན་མིན་སོགས་ཀྱི་ཐོག་ནས་བདར་ཤ་གཅོད་དགོས་པ་མང་པོ་ཞིག་ཡོད། ད་དུང་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ཨོ་སི་ཁྲུ་ལི་ཡར་སླེབས་མ་ཐག་རྒྱ་ནག་གཞུང་ཚབ་ཏུ་སོང་ནས་བོད་ལ་བསྐྱོད་པའི་གནས་ཚུལ་ཡང་མང་པོ་འདུག་པས། གནད་དོན་འདི་དག་གི་ཐོག་ལ་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་བདེ་སྲུང་ལས་ཁུངས་ནས་བཀའ་བཀྱོན་བཏང་བ་ཙམ་མ་ཡིན་པར། མ་འོངས་པར་འདི་ལྟ་བུ་མི་འབྱུང་བའི་ཆེད་དུ་ག་རེ་གནང་མིན་ཡང་གལ་ཆེན་པོར་གྱུར་ཡོད། ད་བར་གྱི་གནས་ཚུལ་འདི་དག་བཙོན་ཟུར་དེ་དག་ཙམ་མ་ཡིན་པར་བཙན་བྱོལ་བོད་གཞུང་དང་ལྷག་པར་བདེ་སྲུང་ལས་ཁུངས་ལ་ནོར་འཁྲུལ་གཏན་ནས་མེད་པ་ཞིག་མིན་སྙམ།།