ང་ཚོའི་མ་འོངས་པའི་ཆེད་དུ་ཞེས་པའི་ཁོར་ཡུག་སྐོར་ལ་ཆེད་ལས་པའི་ལྷན་ཚོགས།
ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ནས་འཁྱེར་ཡོང་བའི་འཁྱགས་པ་དུམ་བུ་ཞིག་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་དང་། སྐབས་དེར་ཁོང་གིས་གསར་འགོད་པར་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་གྱིས་མཐོ་སྒང་འཁྱགས་པའི་བཞུ་ཚད་ཧ་ཅང་མགྱོགས་སུ་འགྲོ་ཡི་ཡོད་པ་ངོ་སྤྲོད་དང་། ཁོར་ཡུག་སྲུང་སྐྱོབ་དགོས་གལ་ཆེ་སྐོར་གསུངས་སོང་།
དེ་ཡང་ཟླ་འདིའི་ཚེས་༢༡ ཉིན་གྱི་ཉིན་བརྒྱབ་ཏུ་དྷ་ས་བོད་ཀྱི་ནོར་བུ་མགྲོན་ཁང་གི་ཞི་བདེ་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ཅེག བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཡོ་རེ་ཁེ་(Eurac Research) ཞིབ་འཇུག་བསྟི་གནས་ཁང་བཅས་ཚོགས་པ་བཞི་ཡི་ཐུན་མོང་གི་གོ་སྒྲིག་འོག ང་ཚོའི་མ་འོངས་པའི་ཆེད་དུ་གོ་བསྡུར་ཞེས་པའི་བརྗོད་གཞིའི་ཐོག་ཆེད་མཁས་པའི་བགྲོ་གླེང་ཞིག་འཚོགས་སོང་།
༧གོང་ས་མཆོག་གིས་“གནམ་གཤས་འགྱུར་ལྡོག་གི་ཉེན་ཁའི་རྒྱལ་ཁབ་ཀྱི་ས་མཚམས་ཡོད་པའི་ལུང་པ་གཅིག་གི་ནང་ཙམ་མིན་པར། ང་ཚོ་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོས་ངེས་པར་རང་བྱུང་ཁམས་དང་། ང་ཚོའི་ཁྱིམ་གཞི་གཅིག་པུ་སྟེ་གོ་ལ་འདི་ཉིད་སྲུང་སྐྱོབ་བྱེད་དགོས་”ཞེས་༢༠༢༢ ལོའི་གོ་ལའི་ཉིན་མོར་གསུང་འཕྲིན་བསྩལ་འདུག
བགྲོ་གླེང་སྐབས་ཁེ་ནེ་ཡ་རྒྱལ་ཁབ་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་ལས་འགུལ་བ་Elizabeth Wathuti ཡིས་གཏམ་བཤད་སྐབས། ད་ལྟའི་ཆར་ཁེ་ནེ་ཡའི་རྒྱལ་ཁབ་ཏུ་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཡུལ་མི་ས་ཡ་༢ ཙམ་འདས་གྲོངས་སུ་འགྲོ་ཡི་ཡོད་པ་དང་། ཨ་ཧྥི་རི་ཁའི་ལུང་པ་ཁྱོན་ཡོངས་ལ་མི་མང་ས་ཡ་༡༠ ལྷག་ཙམ་ཞིག་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གིས་འདས་གྲོངས་སུ་འགྲོ་ཡི་ཡོད་པའི་སྐོར་དང་། དེ་བཞིན་གནས་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་དཀའ་ངལ་ནི་ཁེ་ནི་ཡ་ཙམ་མ་ཡིན་པར་འཛམ་བུ་གླིང་ཁྱོན་ཡོངས་ལ་འཕྲད་ཀྱི་ཡོད་པ་མ་ཟད། དཀའ་ངལ་དེ་ནི་ཉིན་རེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པས་ང་ཚོས་ད་ལྟ་ནས་དཀའ་ངལ་དེ་སེལ་ཐབས་བྱེད་དགོས་ཞེས་གསུངས་བཤད་གནང་སོང་།
ཟླ་འདིའི་ཚེས་༢༢ ཉིན་འཛམ་གླིང་གོ་ལའི་ཉིན་མོང་དང་སྟབས་བསྟུན། ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་བརྩིས་པའི་ཚོགས་འདུ་ལ་མཉམ་ཞུགས་བྱེད་མཁན་ཁག་གཅིག་ལ་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གིས་མཇལ་ཁ་གནང་ཡོད་པ་དང་། མཇལ་ཕྲད་ཚར་བ་དང་གསར་འགོད་པ་ཚོ་ལ་དྲི་བ་དྲིས་ལན་བྱེད་པའི་སྐབས་སུ། ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ནས་འཁྱེར་ཡོང་བའི་འཁྱགས་པ་དུམ་བུ་ཞིག་བསྟན་དེ་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་གྱིས་མཐོ་སྒང་འཁྱགས་པའི་བཞུ་ཚད་ཧ་ཅང་མགྱོགས་སུ་འགྲོ་ཡི་ཡོད་པ་ངོ་སྤྲོད་དང་འབྲེལ། ཁོང་གིས་འདི་ནི་འཁྱགས་པ་ཙམ་ཞིག་མ་ཡིན་པར། འཁྱགས་པ་དུམ་བུ་འདིས་ང་ཚོའི་ཚེ་སྲོག་སྐྱོབས་རོགས་ཞེས་པའི་བརྡ་ལེན་ཆེན་མོ་ཞིག་གཏོང་གི་ཡོད་པའི་སྐོར་དང་། རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་པར་བརྟེན་ང་ཚོས་རྒྱ་ནག་གཙོས་པའི་བཟོ་ལས་ཁང་སོགས་ཀྱི་ཐོན་རྫས་ཉོ་ཚོང་ལ་བཀག་འགོག་བྱེད་རྒྱུ་གལ་ཆེན་རེད་ཅེས་གསུངས་གནང་སོང་།
ཉིན་གསུམ་རིང་གི་ཚོགས་འདུའི་དེའི་ཐོག་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཉེན་ཁ་འགོག་ཐབས་དང་། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་གི་ཁོར་ཡུག་གལ་ཆེན་ཡིན་སྐོར་ལ་གསུང་བཤད་གནང་གི་ཡོད་པ་རེད།།
གསར་འགོད་པ་བློ་བཟང་རྒྱ་མཚོ།