ང་ཚོའི་སྲོལ་རྒྱུན་རིག་གནས་དང་སྐད་ཡིག་དེ་ཚོ་བདག་ཉར་བྱ་རྒྱུ་གལ་ཆེ་བར་གསུངས།

ཟླ་འདིའི་ཚེས་༢༤ ནས་ཕྱི་ཟླ་༨ པའི་ཚེས་༣༠ བར་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་མར་རྔོག་དབྱར་ཆོས་ཆེན་མོ་དྲྭ་ཐོག་ནས་དབུ་འཛུགས་གནང་འདུག་པ་དང་། དེ་ཡང་བདུན་རེའི་ནང་ཉིན་གསུམ་རེ་སྟེ་གཟའ་ཟླ་བ་དང་། ལྷག་པ། ཕུར་བུ་བཅས་ལ་རིན་པོ་ཆེས་ཆོས་ཁྲིད་གནང་རྒྱུ་དང་རེས་གཟའ་གཞན་རྣམས་ལ་གུང་སེང་རེད་འདུག དབྱར་ཆོས་དབུ་འཛུགས་སྐབས་སུ། ༧རྒྱལ་དབང་མཆོག་གིས་ཆོས་ཞུ་བ་རྣམས་ལ་འཚམས་འདྲི་དང་སྦྲགས། ལོ་གཉིས་མ་ཟིན་ཙམ་གྱི་རྗེས་སུ་མར་རྔོག་དབྱར་ཆོས་ཆེན་མོ་ཚུགས་རྒྱུའི་གོ་སྐབས་བྱུང་བ་དང་། མར་རྔོག་དབྱར་ཆོས་ཀྱི་བརྗོད་བྱ་འདྲ་བོ་དེ་གསང་སྔགས་ཀྱི་བྱུང་བ་ཞེས་མཚན་དེ་ལྟར་བཏགས་ཀྱང་། དོན་དུ་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བྱུང་བ་ཆ་ཚང་བ་ཞིག་གསུང་ཐུབ་རྒྱུའི་འབད་བརྩོན་གནང་བ་ཞིག་ཡིན་པ་དང་། ང་ཚོ་ཚང་མས་སོ་སོ་ནང་པ་སངས་རྒྱས་པའི་རྗེས་འཇུག་ཅིག་ཡིན་ཞེས་ཁས་ལེན་དམ་བཅའ་འདྲ་དེ་བྱེད་ཀྱི་ཡོད་དུས། ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་འབྱུང་ཁུངས་སམ་ལོ་རྒྱུས་ཆ་ཚང་བ་ཞིག་ཤེས་རྒྱུ་གལ་ཆེ་བ་དང་། དེ་མ་ཤེས་ན་སྟོན་པ་བྱོན་ཚུལ་དང་བསྟན་པ་ཇི་ལྟར་དར་མིན། བཀའ་བསྡུ་རིམ་པ་གནང་སྟངས། ཐེག་པ་ཆེ་ཆུང་ནས་གསང་སྔགས་བར་གྱི་དབྱེ་བ་དང་ཁྱད་ཆོས་སོགས། མདོར་ན་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བྱུང་བ་ཤེས་རྒྱུ་དཀའ་ལས་ཁག་པོ་ཡིན་པར་གནའ་སྔ་མོའི་བོད་ཀྱི་གཏམ་དཔེ་དང་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་ལུང་སོགས་སྦྲགས་ཏེ་གསུངས།

དེ་བཞིན་དེང་སང་བོད་པའི་སྤྱི་ཚོགས་ནང་ལྟ་སྤྱོད་གསར་པ་ལ་དོ་སྣང་བྱེད་མཁན་དང་བསམ་བློ་གསར་པར་དགའ་བསུ་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་པ་ནི། ཕྱོགས་གཅིག་ནས་ཡར་རྒྱས་ཀྱི་རྣམ་པ་ལྟ་བུ་ཡག་པོ་ཡིན་ཡང་། དེང་སང་ལྟ་སྤྱོད་གསར་པ་ཅན་གྱི་མི་མང་པོ་ཞིག་ཚོར་བ་རྣོན་པོ་དང་དྲན་རྒྱུ་རྒོད་པོ་ཙམ་ལས། དངོས་གནས་ཀྱི་དེང་དུས་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་ནང་བཞིན། བློ་གཟུ་བོར་གནས་པ་དང་དཔང་རྟགས་ཁུངས་སྐྱེལ་ཡོད་པ། ཞིབ་ཚགས་ནན་ཏན་ཡོད་པའི་ཐོག་ནས་ཞིབ་འཇུག་དང་བགྲོ་གླེང་གནང་མཁན་དེ་འདྲ་དཀོན་པོ་ཡིན་པའི་ཚོར་སྣང་ཡོང་གི་ཡོད་པ། ལྷག་པར་དུ་བོད་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་དང་བཅས་པ་ལ་ཕྱི་ནང་གི་གནོད་ཤུགས་མང་པོ་ཞིག་དང་དཀའ་ངལ་མང་པོ་འཕྲད་བཞིན་པའི་དུས་ཚོད་ཅིག་ཡིན་དུས། ང་ཚོའི་སྲོལ་རྒྱུན་རིག་གནས་དང་སྐད་ཡིག་དེ་ཚོ་ཡིན་ཡང་གཞན་དང་མི་འདྲ་བ་ཞིག་གི་ཐོག་ནས་གཅེས་སྤྲས་དང་བདག་ཉར་བྱེད་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད་རེད་མ་གཏོགས། དེ་ལས་ལྡོག་སྟེ་སྲོལ་རྒྱུན་གྱི་རིག་གནས་དང་ལུགས་སྲོལ་ཟེར་དུས་རྗེས་ལུས་དང་གད་སྙིགས་ཀྱི་གྲས་སུ་བརྩིས་ཏེ། རང་གི་རིག་གནས་རང་གིས་གཏོར་བཤིག་བཏང་བ་ཡིན་ན། དེ་འདྲའི་བྱ་སྤྱོད་དེས་རང་གི་མི་རིགས་འདི་ས་གོ་ལ་འདིའི་སྒང་ནས་ནག་བསུབ་བཏང་བ་དང་གཅིག་པ་ཆགས་ཡོད་པར་བརྟེན། དེ་འདྲའི་བྱེད་སྟངས་དེ་རིགས་སོ་སོའི་མི་རིགས་ཀྱི་ཞབས་འདྲེན་ཞུ་མཁན་དང་བསྟན་པ་བཤིག་མིའི་མིང་ཐོའི་ནང་ཚུད་རྒྱུའི་ཉེན་ཁ་ཡོད་པའམ་མི་ནག་ཉེས་ཅན་ཞིག་གཟིགས་ཀྱི་ཡོད་པར་གསུངས་སོང་། དེའི་རྒྱུ་མཚན་ལ་བརྟེན་ནས་སྲོལ་རྒྱུན་གྱི་རིག་གནས་དང་ལུགས་སྲོལ་ལ་ནམ་རྒྱུན་དང་མི་འདྲ་བར་བདག་ཉར་བྱེད་དགོས་པའི་དུས་ལ་སླེབས་ཡོད་པ་དང་། དེ་དང་མཉམ་དུ་དེང་དུས་ཀྱི་འགྲོ་སྟངས་དང་མཐུན་པའི་ཤེས་བྱ་དང་ལག་རྩལ་གསར་པའི་རིགས་ལ་སློབ་སྦྱོང་ལ་དོ་སྣང་བྱ་རྒྱུར་གལ་ཆེན་པོ་ཡིན་པར་གསུངས།

གཞན་ཡང་དབྱར་ཆོས་དང་འབྲེལ་བའི་སྐོར་ལས། དབྱར་ཆོས་ཐེངས་དང་པོར་རྒྱ་གར་གྱི་རིག་བྱེད་ཀྱི་གཏམ་རྒྱུད་དང་བྲམ་ཟེའི་ཆོས་ལུགས་དར་ཚུལ་སོགས་སྐོར་དང་། སངས་རྒྱས་ཀྱི་མཛད་རྣམ་སྐོར་སོགས་གསུངས་ཡོད་འདུག་པ་དང། དབྱར་ཆོས་ཐེངས་གཉིས་པའི་སྐབས་སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་རྗེས་ཀྱི་གནས་སྟངས། དགེ་འདུན་གྱི་སྡེ་ཇི་ལྟར་ཚུགས་ཚུལ་དང་འདུལ་བའི་ཁྲིམས་ཇི་ལྟར་བཅས་པ། དགོན་སྡེའི་འགྲོ་སྟངས་བྱུང་ཚུལ། བཀའ་བསྡུ་གནང་ཚུལ་སོགས་གསུངས་ཡོད་འདུག ད་ལོའི་དབྱར་ཆོས་སྐབས་སུ་གདོད་མའི་ནང་བསྟན་གྱི་གསུང་རབ། གདོད་མའི་ནང་བསྟན་ཞེས་པ་དང་དེ་བྱུང་བའི་དུས་རབས། གདོད་མའི་ནང་བསྟན་གྱི་གསུང་རབ་བྱུང་ཚུལ། གདོད་མའི་ནང་བསྟན་གྱི་གསུང་རབ་ཀྱི་གནས་སྟངས། གདོད་མའི་ནང་བསྟན་ཁྲོད་དུ་གསང་སྔགས་དང་འབྲེལ་བའི་ནང་དོན། བཀའ་བསྡུ་གཉིས་པ་དང་། རྩ་བའི་སྡེ་པ་གྱེས་ཚུལ། རྒྱལ་པོ་མྱ་ངན་མེད་སྐབས་ཀྱི་ནང་བསྟན་དང་། བཀའ་བསྡུ་གསུམ་པའི་སྐོར། སྟོན་པའི་འདས་ལོའི་སྐོར། སྡེ་པ་དར་བའི་སྐབས། ཐེག་ཆེན་དར་བའི་སྐབས་བཅས་གསུང་རྒྱུ་རེད་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།