ང་ཚོས་མེ་ཆུང་དུས་ནས་གསོད་མ་ཐུབ་ན་དཀའ་ངལ་འཕྲད་རྒྱུ་རེད།

ཉེ་ཆར་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ནས་བོད་ཅེས་པའི་མིང་ཚབ་ཏུ་ཤིས་ཙང་ཞེས་རྒྱ་གཞུང་གི་མངོན་འདོད་ལྟར་བསྒྱུར་ཡོད་འདུག་པས། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པས་རྒྱ་མི་དབང་ཆེ་དང་མི་ཆེ་ཧྥ་རན་སི་ལ་དེ་ལྟར་བྱས་པས། ཧྥ་རན་སི་ལ་བོད་པ་མང་པོ་ཡོད་པས་ཁ་ཁར་མ་བསྡད་པར་གོ་སྐབས་དམ་འཛིན་གྱིས་འགྲེམས་སྟོན་ཁང་གི་སྒོ་འགྲམ་དུ་ཕྱིན་ནས་སྐད་འབོད་རྒྱག་དགོས་པ་དང་། མེ་ཆུང་དུས་ནས་གསོད་མ་ཐུབ་ན་ང་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པར་གསུངས། 

དེ་ཡང་ཧྥ་རན་སིའི་རྒྱལ་སའི་ནང་འཛམ་གླིང་ས་ཁུལ་གང་སར་ནས་མཁོ་སྒྲུབ་བྱས་པའི་དངོས་པོ་ས་ཡ་གཅིག་ལྷག་ཙམ་ཡོད་པའི་འགྲེམས་སྟོན་ཁང་(du quai Branly) ཞེས་པ་ཞིག་དང་། དེ་བཞིན་ཕྱི་ལོ་༡༨༨༩ ལོ་གསར་འཛུགས་བྱས་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་(Musée Guimet) ཞེས་པ་གཉིས་ཡོད་འདུག་པ་དང་།

འགྲེམས་སྟོན་ཁང་དེ་གཉིས་ནས་རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་འབྲི་བྱེད་པ་དང་རྒྱ་མི་མ་ཡིན་པའི་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་མཐུན་པའི་ཐ་སྙད་དག་བེད་སྤྱོད་བྱེད་རྒྱུར་མོས་མཐུན་བྱས་པ་སྟེ། དཔེར་ན་ཡུ་རོབ་ཀྱི་ཕྱི་རོལ་ནས་བྱུང་བའི་མི་རིགས་རིག་པའི་དངོས་རྫས་དང་གདོད་མའི་སྒྱུ་རྩལ་གྱི་འགྲེམས་སྟོན་གཙོ་བོ་ཡོད་སའི་འགྲེམས་སྟོན་ཁང་(du quai Branly) ཞེས་པས་བོད་ཀྱི་དངོས་རྫས་རྣམས་ཤིས་ཙང་ཞེས་(Xizang) ནས་བྱུང་བ་ཡིན་ཞེས་བསྐྱར་སྒྲིག་བྱས་ཡོད་པར་བརྟེན། 

བོད་རིག་པ་བ་(Jean-Luc Achard), (Stéphane Arguillère), (Katia Buffetrille,)  (Fernand Meyer) བཅས་ཀྱིས་ཧྥ་རན་སི་ལ་ཡོད་པའི་གྲགས་ཆེན་འགྲེམས་སྟོན་ཁང་གཉིས་ཀྱིས་རྒྱ་ནག་གི་མངོན་འདོད་དང་མཐུན་པའི་ཐ་སྙད་བེད་སྤྱོད་བྱེད་བཞིན་པར་སྐྱོན་བརྗོད་བྱས་པའི་རྩོམ་ཡིག་གཅིག ཕྱི་ཟླ་༩ པའི་ཚེས་༤ ་ཉིན་(artnet) ་ཞེས་པའི་གསར་ཁང་གིས་སྤེལ་ཡོད་པ་བཞིན་འདི་གའི་གསར་ཁང་ནས་ཀྱང་དེའི་ཐད་གནས་ཚུལ་སྤེལ་ཡོད། དེ་བཞིན་ཕྱི་ཟླ་༩ པའི་ཚེས་ ༡༣ རེས་གཟའ་པ་སངས་ཀྱི་ཉིན་༧སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པར་མི་ནི་སོ་ཊ་བོད་རིགས་སྤྱི་འཐུས་ཚོགས་པས་ཞུས་དོན་ལྟར། ཁོང་གིས་དེར་བོད་ཀྱི་ཆོས་དང་རིག་གཞུང་ལས་སྒེར་དང་སྤྱི་ཚོགས་བདེ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་བའི་ཞོར་དུ། ཧྥ་རན་སིའི་ནང་བོད་ཀྱི་སྐུ་དང་འདྲ་མི་འདྲ་གྲགས་ཅན་མང་པོ་ཡོད་སའི་འགྲེམས་སྟོན་ཁང་སྐད་གྲགས་ཆེན་པོ་ཞིག་གིས་བོད་ཀྱི་སྡེ་ཚན་གྱི་མིང་ལ་tibet ཞེས་པ་དེ་བསུབས་ཏེ་Xizang་ཞེས་བཟོས་པ་དང་། རྒྱ་མི་དབང་ཆེ་དང་མི་ཆེ་ཧྥ་རན་སི་ལ་དེ་ལྟར་བྱས་པས། ཧྥ་རན་སི་ལ་བོད་པ་མང་པོ་ཡོད་པས་ཁ་ཁར་མ་བསྡད་པར་འགྲེམས་སྟོན་ཁང་གི་སྒོ་འགྲམ་དུ་ཕྱིན་ནས་སྐད་འབོད་རྒྱག་དགོས་པ་དང་། འགྲེམས་སྟོན་ཁང་གི་ལས་འགན་དེ་སྔོན་མའི་ལོ་རྒྱུས་འགྲེམས་སྟོན་བྱེད་ཡས་མ་གཏོགས། སྔོན་མའི་ལོ་རྒྱུས་བསྒྱུར་བཅོས་གཏང་ཡ་མིན་པས་བོད་མི་ཚོས་ལྐུགས་པ་བྱས་ནས་མ་བསྡད་པར་མེ་ཆུང་དུས་ནས་གསོད་དགོས་པ་དང་། ཧྥ་རན་སི་བཞིན་ལུང་པ་གཞན་དག་གིས་ཀྱང་རིམ་བཞིན་དེ་ལྟར་བྱས་ན་འགྲེམས་སྟོན་ཁང་ག་འདྲའི་མང་པོ་ཡོད་པས། ང་ཚོས་མེ་ཆུང་དུས་ནས་གསོད་མ་ཐུབ་ན་དཀའ་ངལ་འཕྲད་ཀྱི་ཡོད་པར་གསུངས་པ་བཞིན། 

ཁ་སང་ཧྥ་རན་སི་བོད་རིགས་ཚོགས་པས་དེ་འབྲེལ་གྱི་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེའི་ནང་དུ་དགེ་བཤེས་ཐུབ་བསྟན་སྦྱིན་པའི་ལམ་སྟོན་དང་འབོད་སྐུལ། དེ་བཞིན་རྣམ་དཔྱོད་ཅན་གྱི་མི་སྣ་མང་པོ་ཞིག་གིས་གནད་དོན་འདིའི་ཐད་སེམས་ཁྲལ་དང་དོ་ཁུར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། གནད་དོན་འདིའི་ཐད་ཧྥ་རན་སིར་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བོད་མིའི་དབུ་ཁྲིད་རྣམ་པས་བདུན་ཕྲག་ཁ་ཤས་གོང་ནས་གོ་བསྡུར་སྦྱངས་བཤད་ལྷུག་པོའི་ཐོག་ལས་འགུལ་རིམ་པ་དང་པོ་སྤེལ་གྲུབ་ཅིང་། འབྱུང་འགྱུར་གྱི་དུས་ཚོད་ནང་ལས་འགུལ་གང་འདྲ་ཞིག་སྤེལ་རྒྱུ་ཡིན་མིན་ཡང་ཐག་གཅོད་གཏན་འབེབས་བྱུང་ཚར་ཡོད་པ་དང་། ཧྥ་རན་སིའི་ནང་གནས་བཞུགས་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚང་མས་དེ་དོན་ཐུགས་འཇགས་ཡོང་བར་བཀོད་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།