ང་ཚོས་སྐྱབས་བཅོལ་བ་ལ་ཅི་ཞིག་ཆད་ཡོད།

ཨན་ཇི་ལི་ནཇོ་ལིས།  (Angelina Jolie) 

(ཇོ་ལིས་ནི་ཨ་རིའི་གློག་བརྙན་འཁྲབ་སྟོན་གྱི་བྱ་དགའ་ཆེ་ཤོས་ཨོ་སི་ཁར (Academy Award) ཐོབ་པའི་འཁྲབ་སྟོན་པ་དང་། མཉམ་འབྲེལ་རྒྱལ་ཁབ་སྐྱབས་བཅོལ་ལྟ་སྐྱོང་ཚོགས་པའི་དམིགས་བསལ་སྐུ་ཚབ་ཡིན།)

༢༠༡༧ ཟླ་ ༢ ཚེས་ ༢༤ ཉིན་ཡོས་གྷན་ཌ་ཡི་ནང་ལྷོ་སོ་དྷན་གྱི་སྐྱབས་བཅོལ་ཁྱིམ་ཚང་རྣམས་ཁ་ཟས་ལེན་པར་བང་སྒྲིག་བཞིན་པའི་རྣམ་པ།

ཁྱོད་ཀྱིས་སྐྱབས་བཅོལ་བའི་ཐོག་ལ་བསམ་བློ་གཏོང་སྐབས། སེམས་ལ་སུ་འཁོར་གྱི་འདུག་གམ། ཁྱོད་ཀྱི་སེམས་སུ་ཡོ་རོབ་པ་ཞིག་ཕལ་ཆེར་འཁོར་རྒྱུ་མ་རེད། ཡིན་ན་ཡང་། གལ་སྲིད་ཁྱོད་རང་ཆེན་གཉིས་པའི་སྐབས་སུ་སྐྱེས་པའི་བྱིས་པ་ཞིག་ཡིན་ཞིང་། ཁྱོད་ཀྱིས་སོ་སོའི་ཕ་མ་གཉིས་ལ་སྐྱབས་བཅོལ་བ་ཞེས་པ་ཅི་འདྲ་ཞིག་ཡིན་པའི་སྐད་ཆ་དྲིས་པ་ཡིན་ན། ཁོང་གཉིས་ཀྱིས་ཕལ་ཆེར་ཡུ་རོབ་ནས་ཡོང་བའི་མི་ཞིག་འགྲེལ་སྲིད་རྒྱུ་རེད།

དམག་ཆེན་དེས་ཡུ་རོབ་པ་ས་ཡ་༤༠ ལྷག་གནས་སྤོ་བྱེད་དུ་བཅུག་ཅིང་། ཁོ་ཚོའི་ཆེད་དུ་མཉམ་འབྲེལ་རྒྱལ་ཁབ་སྐྱབས་བཅོལ་ལྟ་སྐྱོང་ཚོགས་པ་(U.N. Refugee Agency) གསར་འཛུགས་བྱས་ཡོད། གནས་ཚུལ་འདི་ང་ཚོས་བརྗེད་ཀྱི་འདུག དེང་སྐབས་སྐྱབས་བཅོལ་བའི་ཐོག་ཆེས་གདུག་རྩུབ་ཀྱི་ཚིག་མཚོན་འདེབས་མཁན་གྱི་དབུ་ཁྲིད་ཚོའི་ཁྲོད་ནས་ཁ་ཅིག་གི་རྒྱབ་ལྗོངས་ཡར་དེད་པ་ཡིན་ན། ཡིད་སྐྱོ་བའི་སྐྱབས་བཅོལ་གྱི་མྱོང་བ་བརྒྱུད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་ཐོབ་མྱོང་བའི་རྒྱལ་ཁབ་དག་ལ་ཐུག་ཡོད།

དྲག་པོའི་རྩོད་རྙོག་དང་སྡུག་སྦྱོང་ཡོང་བའི་རྟགས་མཚན་དང་པོ་མཐོང་མ་ཐག འགྲོ་བ་མིའི་རང་བཞིན་གྱི་ཡ་ལན་ནི་སོ་སོའི་བུ་ཕྲུག་རྣམས་གནོད་འཚེ་ལས་གཡོལ་ཐབས་བྱེད་རྒྱུ་དེ་ཡིན།  འབར་རྫས་དང་། བཙན་གཡེམ། དམར་གསོད་བཅས་ཀྱི་འཇིགས་སྐུལ་བྱུང་ཚེ། མི་རྣམས་ཀྱིས་སོ་སོས་འཁྱེར་ཐུབ་པའི་ཅ་དངོས་ཉུང་ངུ་རེ་བསྡུ་གསོག་བརྒྱབས་ནས་བདེ་འཇགས་ཀྱི་གནས་འཚོལ་གྱི་ཡོད། སྐྱབས་བཅོལ་བ་ནི་རྩོད་རྙོག་རྒྱབ་ཏུ་བསྐྱུར་ནས་ཡོང་བའི་ཐག་གཅོད་བྱེད་མཁན་གྱི་མི་རྣམས་ཡིན། ཁོ་ཚོས་འབད་པ་ཡོད་རྒུས་སོ་སོ་རང་ཉིད་དང་། སོ་སོའི་ཁྱིམ་མི་རྣམས་དམག་འཁྲུག་གི་དཀའ་ཉེན་ལས་ཐར་བ་བྱེད་པ་མ་ཟད། རྒྱུན་པར་སོ་སོའི་རྒྱལ་ཁབ་སླར་གསོ་བྱེད་པར་རོགས་བྱེད་ཀྱི་ཡོད། འདི་དག་ནི་བསྟོད་པར་འོས་པའི་ཡོན་ཏན་ཞེ་གཅིག་ཡིན།

དེ་ལྟར་ཡིན་ན། ཅིའི་ཕྱིའི་ང་ཚོའི་དུས་སྐབས་འདིར་སྐྱབས་བཅོལ་ཞེས་པའི་ཚིག་ལ་འདི་འདྲའི་གོ་དོན་མ་རུང་བ་ཞིག་འབྱར་བ་ཡིན་ནམ། ཅིའི་ཕྱིར་རྒྱལ་མཚམས་བཀག་འགོག་དང་སྐྱབས་བཅོལ་བ་རྣམས་ཕྱིར་སློག་བྱ་རྒྱུའི་ཁས་ལེན་ལ་བརྟེན་ནས་ཆབ་སྲིད་པ་རྣམས་འོས་འདེམས་འབྱུང་བཞིན་ཡོད་དམ།

དེང་སྐབས་སྐྱབས་བཅོལ་བ་དང་གནས་སྤོ་བའི་ཁྱད་པར་དེ་མག་མོག་དང་ཆབ་སྲིད་ཀྱི་ངོ་བོར་སྒྱུར་བཞིན་ཡོད། སྐྱབས་བཅོལ་བ་ནི་འཚེ་བ་དང་། དམག་འཁྲུག སྡུག་སྦྱོར་མནར་གཅོད་བཅས་ལ་བརྟེན་ནས་སོ་སོའི་རྒྱལ་ཁབ་ལས་བཙན་གྱིས་འབྲོ་རུ་བཅུག་པའི་མི་རྣམས་ཡིན་ཡང་། གནས་སྤོ་བ་ནི་གཙོ་བོ་སོ་སོའི་འཚོ་གནས་ལེགས་སུ་གཏོང་ཆེད་ཡུལ་གཞན་དུ་སྤོ་བའི་ཐག་བཅད་པའི་མི་རྣམས་ཡིན། འགོ་ཁྲིད་ཁ་ཅིག་གིས་ཆེད་དུ་སྐྱབས་བཅོལ་བ་དང་གནས་སྤོ་བ་ཞེས་པའི་ཚིག་གཉིས་གཅིག་ཏུ་བཀོལ་ནས་ཕྱི་ནས་ཡོང་བ་ཐམས་ཅད་ལ་འཇིགས་སྣང་ (དང་སྡང་སེམས) སློང་བའི་ཚིག་རྩུབ་བརྗོད་ཀྱི་ཡོད།

༡༩༤༠ ལོར་སྐྱབས་བཅོལ་བ་རྣམས་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་ནས་བྲོས་བྱོལ་ལ་འགྲོ་བཞིན་པའི་རྣམ་པ།

མི་ཚང་མ་ལ་ཆེ་མཐོང་དང་དྲང་བདེན་གྱི་ལྟ་སྐྱོང་དགོས། ཡིན་ན་ཡང་། ང་ཚོས་གོང་གི་ཁྱད་པར་དེ་གསལ་པོར་ཤེས་དགོས། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན། སྐྱབས་བཅོལ་བར་རོགས་རམ་བྱེད་རྒྱུ་དེ་གདམ་ག་ཞིག་མ་ཡིན་པར་ལས་འགན་ཆགས་ཡོད། ང་ཚོས་མི་སྤྱོད་དང་མཐུན་ཞིང་དྲང་བདེན་ལྡན་པའི་གནས་སྤོའི་སྲིད་ཇུས་གཏན་འབེབས་ལག་བསྟར་དང་། རྒྱལ་མཚམས་ཤུགས་ཆེར་སྟངས་འཛིན་བྱེད་པ་དང་ལྷན་དུ། སྐྱབས་བཅོལ་བར་རོགས་རམ་བྱེད་པའི་ལས་འགན་སྒྲུབ་རྒྱུ་དེ་ཧ་ཅང་ཡོང་ཆོག་ཆོག་ཅིག་ཡིན། འཛམ་གླིང་ཡོངས་ཀྱི་སྐྱབས་བཅོལ་བའི་ཕྱེད་ཀ་ལྷག་ཅིག་བྱིས་པ་ཡིན་ལ། བྱིས་པ་ལྔ་རེའི་ནང་གི་བཞི་ནི་རང་ཉིད་བྲོས་སའི་དཀའ་རྙོག་དང་རྒྱལ་མཚམས་འདྲེས་པའི་རྒྱལ་ཁབ་ནང་འཚོ་བཞིན་ཡོད་ལ། སྐྱབས་བཅོལ་བ་འདི་དག་གི་ཁྲོད་ནས་བརྒྱ་ཆ་གཅིག་ཙམ་ལས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་འདུས་པའི་ཡུལ་གྲུ་གཞན་དུ་གཏན་སྡོད་བྱེད་ཀྱི་མེད།

ཨ་རིའི་གཏོང་ཕོདཟེར་ན། ང་ཚོའི་རྒྱལ་ཁབ་འདི་འཛམ་གླིང་ནང་གི་རོགས་སྐྱོར་སྤྱིན་བདག་ཆེ་ཤོས་དེ་ཡིན་པར་གོ་དགོས། ཡིན་ན་ཡང་། ལེ་བྷེ་ནན ( Lebanon) ལ་བསམ་བློ་ཐོངས་དང་། རྒྱལ་ཁབ་དེའི་ནང་མི་དྲུག་རེའི་ཁྲོད་ནས་གཅིག་སྐྱབས་བཅོལ་བ་ཡིན་ལ། དེ་བཞིན་ཡོས་གྷན་ཌ (Uganda) ཡི་ནང་མི་འབོར་གསུམ་ཆ་གཅིག་ཚད་ལས་འདས་པའི་དབུལ་ཕོངས་ཁྲོད་འཚོ་བཞིན་ཡོད་ཀྱང་། རྒྱལ་ཁབ་དེའི་ཐོན་ཁུངས་ཉུང་ངུ་དེ་སྐྱབས་བཅོལ་བ་ས་ཡ་ལྷག་དང་མཉམ་སྤྱོད་བྱེད་ཀྱི་ཡོད། འཛམ་གླིང་ཁྱོན་ཡོངས་ལ་བལྟས་ན། སྟོབས་འབྱོར་ཆུང་ཤོས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རོགས་སྐྱོར་མང་ཤོས་བྱེད་ཀྱི་ཡོད།

ལོ་ངོ་ ༡༨ ཀྱི་གོང་དུ་ང་རང་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་སྐྱོང་ཚོགས་པའི་ནང་ལས་ཀ་བྱེད་འགོ་བརྩམས་པའི་སྐབས་དེར། བཙན་གྱིས་གནས་གཞན་ལ་སྤོ་རུ་བཅུག་པའི་མི་མང་ས་ཡ ༤༠ ཡས་མས་ཤིག་ཡོད་ཅིང་། གྲངས་འབོར་དེ་ཉུང་དུ་འགྲོ་བའི་རེ་བའང་ཡོད། ཡིན་ན་ཡང་། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྟ་སྐྱོང་ཚོགས་པའི་སྙན་ཐོ་གསར་ཤོས་ལ་གཞིགས་ན། ད་ལྟ་བཙན་གྱིས་གནས་སྤོ་དགོས་ཁེལ་བའི་མི་མང་གི་གྲངས་ཀ་དེ་ཡ་ས་ ༧༠ ཟིན་པ་མ་ཟད། མྱུར་བར་འཕར་བཞིན་ཡོད། ང་ཚོས་འབར་མ་ནས་ལྷོ་སུས་ཌན (South Sudan) བར་གྱི་དཀའ་རྙོག་རྣམས་ཕན་འབྲས་ལྡན་པའི་སྒོ་ནས་སེལ་རོགས་བྱས་ཏེ་མི་རྣམས་ཕྱིར་ཁྱིམ་དུ་ལོག་ཐུབ་པ་ཞིག་བཟོ་ནུས་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐབས་ལམ་གང་ཞིག་བཙལ་ནས་འགྲོ་བ་མིའི་མགོ་རྙོག་འདི་སེལ་བའི་རེ་བ་འཆང་བཞིན་ཡོད།

ཕྱི་ལོ ༡༩༤༦ ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་། དབུ་འཛིན་ཊོ་མན (Truman) མཆོག་གིས་རྩ་བའི་ཞི་བདེ་དང་བདེ་འཇགས་སྐྲུན་པའི་འགན་འཁྲི་དེ་ཚོགས་མི་རྒྱལ་ཁབ་དག་ལ་བཞག་ཡོད་དེ། ཁོང་གིསང་ཚོས་ཞི་བདེའི་བསྟི་གནས་བསྐྲུན་ཞིང་། ཞི་བདེའི་བསྟི་གནས་དེ་གཏན་གྱི་ཞི་བདེ་ཡོང་སའི་རྨང་གཞི་བརྟན་པོ་ཞིག་མ་ཆགས་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་སོའི་ལས་འགན་རྣམས་སྒྲུབ་ཐུབ་མེདཅེས་གསུངས་ཡོད།

ཡིན་ན་ཡང་། ཚོགས་མི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་དང་སྒྲིག་སྲོལ་རྣམས་སོ་སོའི་འདོད་མོས་བཞིན་ལག་བསྟར་བྱེད་པ་ནི་ཡིད་སྐྱོ་དགོས་པའི་བདེན་པ་ཞིག་ཡིན། ཚོགས་མི་རྒྱལ་ཁབ་དག་གིས་རྒྱུན་པར་རྩོད་རྙོག་གི་གནོད་འཚེ་ཕོག་པའི་ཉེས་མེད་མི་སེར་ཚོའི་ཚེ་སྲོག་ལས་ཚོང་ལས་དང་ཚོང་ལས་ཀྱི་ཁེ་ཕན་གལ་ཆེ་བ་འཛིན་གྱི་ཡོད། དཀའ་རྙོག་ཅན་གྱི་རྒྱལ་ཁབ་རྣམས་ཞི་བདེ་ལྷིང་འཇགས་མ་བྱུང་སྔོན་ལ། ང་ཚོ་ཡིད་ཐང་ཆད་དེ་འབྲེལ་ལམ་བརྒྱུད་དེ་དཀའ་རྙོག་སེལ་ཐབས་བྱེད་པའི་འབད་བརྩོན་མཚམས་འཇོག་གི་ཡོད། ཨ་ཧྥི་གྷ་ནི་སི་ཐན་ནང་བྱུང་བ་ལྟར། ང་ཚོས་རྩ་བའི་ཆ་ནས་འགྲོ་བ་མིའི་ཐོབ་ཐང་བྲལ་བའི་རྒྱལ་ཁབ་དག་དང་ལྷན་དུ་ཞི་བདེའི་གྲོས་མཐུན་ཡོང་ཐབས་བྱེད་ཀྱི་ཡོད་ལ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དེ་རྩོད་རྙོག་དང་གནས་སྤོའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པའི་ཁས་ལེན་ཡང་བྱེད་ལ་མི་བྱེད་རེད།

ང་ཚོས་འབྲེལ་ལམ་གྱི་ཚབ་ཏུ་རོགས་སྐྱོར་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་དམག་འཁྲུག་ཅིག་རོགས་སྐྱོར་གྱིས་སེལ་ཐབས་བྲལ་ལ། དེའི་ཐོག་རོགས་སྐྱོར་གྱི་ཞུ་འབོད་ཉུང་ངུ་རེ་འཛམ་གླིང་གི་ས་ཕྱོགས་གང་དུ་བྱུང་ཡང་། དེར་མཁོ་བའི་མ་དངུལ་གྱི་བརྒྱ་ཆ་ ༥༠ ཙམ་ལས་རག་གི་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི ༢༠༢༩ ལོའི་མ་དངུལ་ཐེབས་རྩའི་ནང་། སི་རི་ཡ (Syria) ངལ་སེལ་ལས་གཞི་ལ་མཁོ་བའི་མ་དངུལ་གྱི་བརྒྱ་ཆ་ ༢༡ ལས་རག་མེད་ལ། ལི་པི་ཡ (Libya) ནང་བརྒྱ་ཆ་ ༡༥ ལས་མེད།

༢༠༡༧ ཟླ་ ༡༡ ཚེས་ ༡ ཉིན་རོ་ཨན་ཇི (Rohingya) ཡི་ཁ་ཆེའི་སྐྱབས་བཅོལ་བ་རྣམས་འབར་མ་ནས་བྷང་ལ་དྷེའི་ཤི་ལ་བྲོས་བྱོལ་དུ་ཡོང་སྐབས། རྒྱལ་མཚམས་ནས་ཡུར་ཆུ་ཞིག་རྒལ་བཞིན་པའི་རྣམ་པ།

ན་ནིང་མི་མང་གནས་སྤོ་བྱས་པའི་གྲངས་འབོར་གྱི་ཚད་དེ། ཉིན་མ་རེ་ལ་སྐྱེ་བོ་༣༧,༠༠༠ ཙམ་སོ་སོའི་ཁྱིམ་ནས་བཙན་གྱིས་འགྲོ་དགོས་པ་དང་མཉམ་ཡོད། ངོ་མ། མི་འབོར་དེའི་ཕྱེད་ཙམ་ལའང་རོགས་རམ་བྱེད་པར་མཁོ་བའི་མ་དངུལ་མེད་པའི་ཐོག་ནས་འུ་ཐུག་ཐབས་ཟད་ཀྱི་སྐྱེ་བོ་དེ་འདྲའི་མང་པོ་ཞིག་ལ་ཕན་ ཐོགས་ཐབས་བྱེད་རྒྱུ་དེ་ཅི་འདྲ་ཞིག་ཡིན་སྲིད་པ་ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། ང་ཚོས་ཕྱི་ཟླ་༦ ཚེས་༢༠ ཉིན་འཛམ་གླིང་སྐྱབས་བཅོལ་ཉིན་མོ་སྲུང་བརྩི་ཞུ་བའི་སྐབས་འདིར། རྒྱལ་ཁབ་ཅིག་སོ་སོའི་རྒྱལ་མཚམས་ཀྱི་ཕག་ཏུ་གབ་ཐུབ་སྙམ་པ་དང་། སྐྱབས་བཅོལ་བའི་དཀའ་ངལ་དེ་རང་བཞིན་གྱིས་ཡལ་བའི་རེ་བ་འཆང་བ་ནི་འཁྲུལ་སྣང་འབའ་ཞིག་ཡིན། ང་ཚོ་ལ་འགོ་ཁྲིད་ལམ་སྟོན་དང་ཕན་ནུས་ལྡན་པའི་འབྲེལ་ལམ་དགོས། ང་ཚོས་ཅིས་ཀྱང་སྐྱབས་བཅོལ་བ་རྣམས་ཕྱིར་སོ་སོའི་རྒྱལ་ཁབ་ཏུ་ལོག་ཐུབ་པ་བྱེད་པའི་འགན་འཁྲི་དང་། ཐོང་ཐང་། དེ་བཞིན་དྲང་བདེན་རྨང་གཞི་བྱས་པའི་ཕུགས་རྒྱང་རིང་པོའི་ཞི་བདེ་ཞིག་ལ་རིག་པ་སྒྲིམ་དགོས།

འདི་ནི་ཉམ་ཆུང་གི་ཐབས་ལམ་ཞིག་མ་ཡིན་ལ། འདིར་དཀའ་ཚེགས་ཆེ་བ་འཕྲད་རྒྱུ་རེད། འོན་ཀྱང་དངོས་གནས་འགྱུར་བ་གཏོང་ཐུབ་མཁན་ནི་འདི་ཁོ་ན་ཡིན། ང་ཚོ་དང་འདས་པའི་སྐྱབས་བཅོལ་བ་དེ་དག་བར་ཐག་ནི་ང་ཚོས་བསམ་པ་ལས་ཉེ་བ་ཡོད།

གསར་འགོད་པ་དཀོན་མཆོག་རབ་བརྟན།