ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་འདྲ་ཡོད་ན་ཆོས་ལུགས་དང་ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མ་བྱེད།

༧གོང་ས་མཆོག་གིས་“ལུང་ཚན་གྱི་འཐེན་འཁྱེར་འདྲ་བྱས་ན་ཁྱོན་ནས་ཡག་པོ་ཡོད་པ་མ་རེད། ང་ཚོ་ཆོལ་ཁ་གསུམ་པོ་སྐྱིད་པོ་བྱུང་ན་སྐྱིད་གཅིག སྡུག་པོ་བྱུང་ན་སྡུག་གཅིག་བྱས་ནས་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཡིན་མ་གཏོགས། ང་ཚོ་ཆོལ་ཁའི་དབྱེ་བ་འདྲ་བྱས་ནས་འགྲོ་བ་ནམ་ཡང་མ་ཡོང་བ་ཞིག་ཁྱེད་རང་ཚོ་ཚང་མའི་སེམས་ལ་འཇོག་དགོས་རེད་”ཅེས་གསུངས་སོང་།

lobsang4_2016_5_27དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེའི་དམ་འབུལ་མཛད་སྒོའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གནང་སྟེ། སྐུ་པར་མཉམ་བསྒྲོན་དང་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

༧གོང་ས་མཆོག་གིས་སངས་རྒྱས་ཆོས་ལུགས་གལ་ཆེན་ཡིན་སྐོར་གསུང་པ་དང་འབྲེལ། ཡ་རབས་བཟང་སྤྱོད་དང་བོད་མི་བཙན་བྱོལ་བའི་གནས་བབས་སྐོར་བཀའ་སློབ་གནང་དོན། “ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་བ་དེ་སྨོན་ལམ་རྒྱག་པ་དང་འདོན་པ་འདོན་རྒྱུ་མ་ཡིན་པར། ཤེས་ཡོན་གྱི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་དེ་རེད། ང་ཚོས་འབད་བརྩོན་བྱས་ནས་ལོ་བཅུ་གྲངས་ཕྱིན་རེད། ང་ཚོ་བོད་མི་བཙན་བྱོལ་བ་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད་པ་དེས་སོ་སོའི་མི་ཚེའི་འགྲོ་སྟངས་གཅིག་པུ་མ་ཡིན་པར། དེ་རིང་ཁ་སང་ཤེས་ཡོན་གྱི་ཐོག་ནས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་པ་ཞིག  མི་རེ་ལ་རེ་བ་རྒྱག་མཁན་མང་དུ་འགྲོ་ཡི་འདུག ང་ཚོ་ལ་དེའི་ཆ་རྐྱེན་ཡོད་པ་འདྲ་རེད། ང་ཚོ་བཙན་བྱོལ་བ་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་སྲིད་སྐྱོང་གིས་གསུངས་པ་བཞིན་མུ་མཐུད་ཚགས་ཚུད་པོ་བརྟན་པོ་ཞིག་ཡོང་ཐུབ་པར་ཚང་མས་དཀའ་ལས་རྒྱག་དགོས་པ་གལ་ཆེན་པོ་རེད། དེ་ལ་ང་ཚོས་བསམ་བློ་བཏང་ན་སྤོབས་པ་སྐྱེ་རྒྱུ་རེད་འདུག ང་རང་ཡིན་ན་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་ནང་ནས་ང་མི་གཅིག་རེད། ང་ལ་ཁྱད་དུ་འཕགས་པ་གང་ཡང་མེད་ཅེས་རྟག་པར་ཤོད་ཀྱི་ཡོད། བོད་མི་ས་ཡ་དྲུག་བདུན་ཞིག་ཡོད་པའི་ནང་ནས་བོད་མི་གཅིག་རེད། བཙན་བྱོལ་ནང་གི་མི་ཞིག་ཆགས་བསྡད་ཡོད་རེད། ང་རང་ངོས་ནས་ད་ལྟ་བར་དུ་གང་ཡོང་བྱས་ཡིན། ད་དུང་ཡིན་ནའང་ངས་ཆབ་སྲིད་ཀྱི་ལས་འགན་བཞག་ཚར་རེད་དེ། ཡིན་ནང་ཆོས་དང་རིག་གཞུང་ལྟ་གྲུབ་དེ་ཚོའི་ཐོག་ང་མ་ཤི་བར་དུ་འགན་ཁུར་རྒྱུ་རེད། དེ་བཞིན་བོད་ཀྱི་ཁོར་ཡུག་གི་ཐོག་ལ་འགན་ཁུར་རྒྱུ་ཡིན། ངའི་ངོས་ནས་ཧུར་ཐག་བྱས་པ་ཡིན་ལ། ཁྱེད་རང་ཚོ་ཚང་མས་མདུན་དེར་འདྲ་ཆགས་པོ་འདྲ་དང་། ལས་བསྡོམས་དེ་ཚོ་འདྲ་ཆགས་པོ་བྱས། དོན་དག་ངོ་མའི་ཐོག་འཐུས་ཤོར་དང་ལྷོད་གཡེང་ཕྱིན་པའི་བཟོ་མ་ཡོང་པ་ཞིག་བྱེད་དགོས་རེད། ངོ་བོ་བྱེད་མི་དགོས་པར་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་སྟོན་རྒྱུ་ཡོད་པ་ཞིག་དགོས་པ་གལ་ཆེན་པོ་རེད། ང་ཚོ་ཆོས་པ་ཚོ་ཡིན་ནའང་ཁ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ལབ། ཉིན་རེ་ཉིན་རེའི་འཚོ་བའི་ནང་ག་རེ་བྱེད་ཀྱི་འདུག རྣམ་མཁྱེན་གྱི་གོ་འཕང་བསྒྲུབ་པའི་བྱམས་དང་བྱང་ཆུབ་སེམས་དཔའི་སྟོང་ཉིད་ལྟ་བུ་ཕར་བཞག མི་དགེ་བཅུ་པོའི་ཚུལ་ཁྲིམས་ཀྱང་ཡག་པོ་ཞིག་མེད་པ་ཆགས་ན། ཁ་ནས་འདྲ་ཆགས་པོ་བཤད་པ་ལས། ལག་ལེན་ཐོག་ཡོང་གི་ཡོད་པ་མ་རེད། ང་ཚོ་ཚང་མས་དངོས་གནས་ལས་ཀ་གང་ཡིན་ནའང་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོན་རྒྱུ་གལ་ཆེན་པོ་རེད། དེ་རིང་མི་མང་པོ་འཛོམས་ཡོད་པས། གཏམ་བཟང་ས་དེ་ཡིན་”ཞེས་གསུངས་སོང་།

dalailama_2016_5_27དེ་ནས་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་ཞན་ཆ་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེ་ནི་ཆོས་ཉིད་རེད་ཨ། བཟང་པོ་ཡོད་ན་ངན་པ་ཡོད་དགོས་ཀྱི་རེད་ཨ། བཟང་པོ་རྐྱང་རྐྱང་ཡིན་ན་བཟང་པོའི་ངོ་སོ་ཐོན་རྒྱུ་ཞིག་མི་འདུག་ཨ། ངན་པའི་ཆ་ནས་བཤད་ན་དེང་སྐབས་འོས་བསྡུ་ཆེན་མོའི་སྐབས། ཏོག་ཙམ་ཡ་རབས་བཟང་སྤྱོད་ཀྱི་མཚམས་ནས་མར་ཕབ་བསྡད་པའི་བཟོ་འདྲ་ཡོང་སྡོད་ཀྱི་འདུག རེ་ཟུང་རེ་ཟུང་གི་བྱེད་ལས་ཀྱི་རྐྱེན་པས་ཆོལ་ཁའི་འཐེན་འཁྱེར་གྱི་རྣམ་པ་ཕྲན་བུ་ཐོན་ཡོང་གི། དཔེ་བློ་ཕམ་བྱུང། ང་ཚོས་སྤོབས་པ་བྱེད་པ་དང་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཡོད་པ་དེ་ཉམས་དམས་སོ་སོས་གཏོང་གི་ཡོད་རེད་ཨ། དངོས་གནས་དྲང་གནས་ཡ་རབས་སྤྱོད་བཟང་། དྲང་བདེན་རྒྱབ་མདུན་མངོན་ལྐོགས་མེད་པ། ཕྱི་གསལ་ནང་གསལ་བྱས་ནས་སྤོབས་པའི་ཐོག་འཛམ་གླིང་ལ་གདོང་སྟོན་ཐུབ་པའི་ཆ་རྐྱེན་གཙོ་བོ་ཡ་རབས་དྲང་བདེན། སྤྱོད་བཟང་དེ་ཆགས་ཀྱི་ཡོད་རེད། དེ་ཏོག་ཙམ་བསྟན་པ་མགོ་ནས་བཤིག་པའི་བཟོ་འདྲ་ཆགས་ཡོང་དུས་དགའ་རབ་བློ་ཕམ་ཡོང་གི་འདུག དེ་ངན་པའི་ཆ་རེད་”ཅེས་གསུངས་སོང་།

lobsang3_2016_5_27༧གོང་ས་མཆོག་གིས་མུ་མཐུད་ཡ་རབས་བཟང་སྤྱོད་དགོས་པ་དང་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་མི་ཉན་སྐོར་གསུང་དོན། “ད་ལྟ་ངས་བཤད་བསྡད་པའི་ཆོལ་ཁའི་འཐེན་འཁྱེར་གྱི་སྐད་ཆའི་བཟོ་མང་ཆེ་བར་སྐྱོན་ཡོད་མ་རེད། རེ་ཟུང་རེ་ཟུང་མགོ་བདེ་པོའི་བཟོ་དང་། མིག་རྒྱང་ཐུང་ཐུང་འཕྲལ་སེལ་ངོ་གདོང་མ་གཏོགས། ཆེ་ས་ལ་བསམ་བློ་མ་བཏང་ནས། ཆོལ་ཁའི་འཐེན་འཁྱེར་དང་། དེ་བཞིན་ཆོས་ལུགས་ཀྱི་འཐེན་འཁྱེར་བཟོ་འདྲ་ཡོང་གྲབས་བྱེད་ཀྱི་འདུག དེ་སྐྱོན་ཡིན་པར་ངོས་འཛིན་བྱས་ཏེ་དེ་འདྲ་མ་ཡོང་བ་ཞིག་བྱེད་དགོས་རེད། ཆོལ་ཁ་གསུམ་ཆིག་སྒྲིལ་ཟེར་བ་དེ་སྔར་དུས་རབས་བདུན་པ་དང་བརྒྱད་པ། དགུ་པ་དེ་ཚོའི་སྐབས་ཆོས་རྒྱལ་བཀའ་དྲིན་ཚོའི་འོག་ལ་ཆོལ་ཁ་གསུམ་ཆིག་སྒྲིལ་ཆགས་ཡོད་པ་རེད། ང་ཚོའི་ཡི་གེ་ཐུན་མོང་མ་ཡིན་པ་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས། དེའི་སྔོན་ཞང་ཞུང་གི་སྨྲ་ཡིག་ཟེར་བ་ཞིག་ཡོད་ནའང་མེད་ནའང་རེད། གང་ལྟར་བོད་ཡིག་ཐོན་མི་སཾ་བྷོཊས་གཏན་འབེབས་གནང་བའི་བོད་ཡིག་དེ་རེད། བཀའ་འགྱུར་བསྟན་འགྱུར་དེ་ཡི་གེ་འདིའི་ནང་ཡོད་པ་རེད། སྐད་གདངས་མི་འདྲ་བ་ཡོད་ནའང་། བོད་ཆོལ་ཁ་གསུམ་ཡོངས་རྫོགས་དང་ཧི་མ་ལ་ཡའི་རི་རྒྱུད་དང་བཅས་བཀའ་འགྱུར་བསྟན་འགྱུར་གང་དུ་ཡོད་ས་དེར་ཡི་གེ་དེ་ཚང་མས་ཤེས་ཀྱི་ཡོད་རེད། དེས་བོད་པ་གཅིག་གྱུར་བཟོ་ཡོང་གི་འདུག་ཨ། དུས་ཚོད་དཀའ་ངལ་ཅན་དང་ཆབ་སྲིད་ཀྱི་འཕོ་འགྱུར་ག་འདྲ་ཞིག་བྱུང་ན་དེ་ལ་ལྟོས་པ་མེད་པར། ང་ཚོའི་ཆོས་དང་རིག་གཞུང་གཏིང་ཟབ་དེ་བོད་ཆོལ་ཁ་གསུམ་གཅིག་བསྒྲིལ་གྱི་འོག་ནས་འདས་པའི་ལོ་སྟོང་ཕྲག་རིང་ང་ཚོས་ཉར་ཚགས་བྱས་རེད། མ་འོངས་པ་ཡིན་ནའང་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་ནས་མཐུན་མོང་གི་གོང་བུའི་ནུས་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དེ་ཉམས་པ་སོར་ཆུད། མ་ཉམས་གོང་འཕེལ་ཡོང་ཐུབ་པ་ཞིག་བྱེད་དགོས་རེད། འཕྲལ་སེལ་གྱི་དགོས་པ་ཆུང་ཆུང་ཞིག་ལ་དམིགས་ནས་ཆོས་ལུགས་ཀྱི་འཐེན་འཁྱེར་དང་། ལུང་ཚན་གྱི་འཐེན་འཁྱེར་འདྲ་བྱས་ན་ཁྱོན་ནས་ཡག་པོ་ཡོད་པ་མ་རེད། ང་ཚོ་ཆོལ་ཁ་གསུམ་པོ་སྐྱིད་པོ་བྱུང་ན་སྐྱིད་གཅིག སྡུག་པོ་བྱུང་ན་སྡུག་གཅིག་བྱས་ནས་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་ཡིན་མ་གཏོགས། ང་ཚོ་ཆོལ་ཁའི་དབྱེ་བ་འདྲ་བྱས་ནས་འགྲོ་བ་ནམ་ཡང་མ་ཡོང་བ་ཞིག་ཁྱེད་རང་ཚོ་ཚང་མའི་སེམས་ལ་འཇོག་དགོས་རེད། འགོ་འཁྲིད་མཁན་ཚོ་དང་། ལས་ཀ་བྱེད་མཁན་ཚོ། མི་མང་ཚོ་ཡིན་ནའང་དེ་སེམས་ལ་ཞོག བླ་མ་དགེ་བཤེས་ཁ་ཤས་ཁ་ཤས་ཡོད་རེད། ང་ཚོས་དེ་རིང་སྐད་ཆ་བཤད་པ་དེ་གསན་འགྲོ་ཡི་རེད། ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་མ་དགེ་བཤེས་ཚོ་ཡིནའང་དེ་སེམས་ལ་ཞོག ང་ཚོ་སྟོན་པ་བཅོམ་ལྡན་འདས་གཅིག་གི་རྗེས་འབྲངས་རེད། ཡང་སྒོས་དཔལ་ན་ལེན་ཌའི་མགོན་པོ་ཀླུ་སྒྲུབ་དང་ཐོག་མེད་ཀྱི་རྗེས་སུ་འབྲང་མཁན་གཅིག་གྱུར་རེད། དེ་འདྲ་ཡིན་བཞིན་ཞྭ་མོའི་ཚོས་གཞི་འདྲ་མིན་དང་། དགོན་པ་ཆུང་ཆུང་ཞིག་ནས་ང་དང་ཁྱོད་ཅེས་བཤད་བསྡད་ན་བྱབ་ཆུང་རེད། དེ་རིང་ཁ་སང་ཨ་རབ་ནང་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་རྒྱག་རེས་རྒྱག་གི་འདུག་ཨ། བྱང་ཨ་མི་རི་ཀར་ཆ་བཞག་ན། ཁེབ་ཊི་ལི་དང་པོར་ཇི་ལི་རྒྱག་རེས་རྒྱག་གི་འདུག་ཨ། ཁ་ཆེ་ཡུལ་གྲུ་གཅིག་གི་ཁ་ཆེ་གཅིག་པ་སཱོ་ནེ་དང་ཤི་ཡ་རྒྱག་རེས་རྒྱག་གི་འདུག་ཨ། བོད་པའི་འདས་པའི་ལོ་རྒྱུས་ནང་བསམ་བློ་བཏང་ན། ཞྭ་དམར་སེར་བར་དང་དེ་བཞིན་ས་སྐྱ་དང་དགེ་ལུགས་བར་རྒྱག་རེས་རྒྱག་པ་བྱུང་མྱོང་ཡོད་རེད། དེ་ཚོ་ངོ་ཚ་པོ་རེད། ང་ཚོ་མི་རབས་གསར་པ་དང་དུས་རབས་གཉན་འཕྲང་ཅན་གྱི་ནང་སླེབས་བསྡད་ཡོད་རེད། འཛམ་གླིང་སྤྱིའི་ཐོག་ང་ཚོས་བཤད་ཡ་ཞིག་བྱེད་ཀྱི་ཡོད་རེད། དེ་འདྲའི་སྐབས་ཞབས་འདྲེན་ང་རང་ཚོ་ནང་ནས་ཞུས་ན་ཐབས་སྐྱོ་པོ་དང་ངོ་ཚ་པོ་རེད། ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། བཅོམ་ལྡན་འདས་ཀྱིས་ག་རེ་དགོངས་ཀྱི་རེད། ཡབ་སྲས་ཚོས་ག་རེ་དགོངས་ཀྱི་རེད། གངས་ཅན་ལྗོངས་ཀྱི་སྔོན་གྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་ཚོས་ག་རེ་དགོངས་ཀྱི་རེད། དད་པ་མེད་ན་གནས་ཚུལ་ཁ་ཁ་རེད། ཆོས་ལ་སྐྱོན་ལྟོས། ཆོས་ལ་གཏོར་བཤིག་བཏང་ན་སོ་སོས་རང་དབང་རེད། ཁྱད་པར་མི་འདུག ཆོས་བྱེད་ཀྱི་ཡོད་ན་བྱེད་སྟངས་དེ་འདྲ་མ་རེད། བྱམས་དང་བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་ལྟ་བ་དེ་ཚོ་ཉམས་ལེན་གྱིས། ཁ་ནས་བཤད་བསྡད་པ་མ་ཡིན་པར་ལག་ལེན་བཏབ། གཞན་ཁ་ནས་བརྒྱ་བཤད་སྟོང་བཤད་ནའང་དོ་སྣང་མ་བྱས། ལག་ལེན་མ་ཁེལ་ན་བྲོ་བ་ཡོད་ཀྱི་མ་རེད། མཁས་པའི་ཚིག་སྐམ་པོ་བཤད་པ་འདྲ་ལས་དགོས་པ་མི་འདུག ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སློབ་སྦྱོང་དང་ཉམས་ལེན་ཡག་པོ་གྱིས། ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་ནམ་ཡང་མ་བྱེད། ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་འདྲ་ཡོད་ན། དེ་ཁ་ལ་ཉན་དགོས་རེད་དཱ། ༧རྒྱལ་བ་རིན་པོ་ཆེའི་མདུན་ལ་ཕེབས་ན་དགའ་རབ་ཡིན་མདོག་བྱས། རྒྱབ་ལོག་ནས་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་འདྲ་བྱས། སྐྱག་རྫུན་ཏོག་ཙམ་བཤད། ཧམ་པ་ཏོག་ཙམ་བཤད་ན་ཡག་པོ་ཡོད་པ་མ་རེད། ཤེས་སོང་ངམ་”ཞེས་བཀའ་སློབ་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།