ང་ལ་མཛངས་མའི་དབུ་རྒྱན་ཐོབ་པར་རྗེ་བཙུན་སྒྲོལ་མ་དང་ལྷ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཟླ་འདིའི་ཚེས་༥ ཉིན་གྱི་དགོང་མོ་དྷ་ས་མེག་གྷན་བོད་ཀྱི་ཟློས་གར་ཁང་དུ། ཉིན་གསུམ་རིང་གི་བོད་ཀྱི་མཛངས་མའི་འགྲན་སྡུར་མཐའ་མ་དེ་བྱས་ཡོད་པ་དང། ༢༠༡༦ ལོའི་མཛངས་མའི་དབུ་རྒྱན་དེ། རང་ལོ་༢༤ ཡིན་པའི་བསྟན་འཛིན་སང་ཉི་ལ་ཐོབ་ཡོད་པ་རེད།

13393197_1183793134977887_199532060_nཁོང་ལ་མཛངས་མའི་དབུ་རྒྱན་གཡོག་རྗེས། གསར་འགོད་པར་བརྗོད་དོན། “ང་རང་ལ་རྒྱལ་ཁ་ཐོབ་པར་དགའ་པོ་བྱུང་སོང་། རྗེ་བཙུན་སྒྲོལ་མ་དང་ལྷ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྡིངས་ཆ་འདི་ཕན་ཐོགས་ཡོད་པ་ཞིག་རེད། ངས་མིང་བྱང་འདི་ཁྱེར་ནས་བུད་མེད་དང་ན་གཞོན་ཚོར་མི་ཚེའི་སྐོར་སློབ་གསོ་ཆོག་གི་རེད་ལ། ཁོང་ཚོས་ཉན་གྱི་རེད། ང་ཚོ་བོད་པའི་ལུང་པ་གཞན་གྱིས་ཕྲོགས་ཡོད་ནའང་། ང་ཚོ་ལྷག་ནས་ངུས་ནས་བསྡད་མེད་པར། སོ་སོ་ཅིག་བྱེད་ཐུབ་ཀྱི་ཡོད་པ་འཛམ་གླིང་ཐོག་བཤད་ཆོག་པ་ཞིག་རེད་”ཅེས་གསུངས་སོང་།

ཁོང་གིས་ཟླ་ཤས་སྔོན་ཧི་མ་ལ་ཡི་འཛངས་མིའི་འགྲན་སྡུར་ནང་ཞུགས་པའི་སྐོར་གསུང་དོན། “འགྲན་སྡུར་དེ་ཚར་ནས་ཟླ་བཅུ་འགྲོ་གྲབས་རེད། སྐབས་དེར་ང་མ་ཐོབ་ནའང་སྦྱོང་རྒྱུ་མང་པོ་དང་མཉམ་མྱོང་མང་པོ་ཞིག་རག་སོང་། བློ་སྟོབས་ཆེ་རུ་སོང་བ་དང་། བུད་མེད་ཁ་ཤས་ལ་དེའི་ནང་སོང་ན་སློབ་སྦྱོང་ཞིག་རག་གི་འདུག་ཅེས་བཤད་རྒྱུ་བྱུང་། བོད་ཀྱི་མཛངས་མའི་མིང་བྱང་དེ་ཆེན་པོ་ཡིན་པས། ད་ཐེངས་འདི་ནང་འཛུལ་ཞུགས་བྱས་པ་ཡིན་”གསུངས་སོང་།

འགྲན་བསྡུར་ཐེངས་༡༤ པར་བུད་མེད་བཞི་མཉམ་ཞུགས་བྱས་པའི་ཁྲོད། ཨང་དང་པོ་རྒྱ་གར་མ་ན་ལི་ནས་ཡིན་པའི་བསྟན་འཛིན་སང་ཉི་དང། གཉིས་པ་ཨ་རི་ནས་ཡིན་པའི་བསྟན་འཛིན་ཟླ་བ་དང། ཨང་གསུམ་པ་སྦེལ་ཀོབ་ནས་ཡིན་པའི་བསྟན་འཛིན་བདེ་སྐྱིད་བཅས་ཡིན་པ་རེད།

འགྲན་སྡུར་གྱི་བྱ་དགའ་ལ་ཨང་རིམ་དང་པོར་ཧིན་སྒོར་འབུམ་གཅིག་དང། ཨང་རིམ་གཉིས་པར་ཧིན་སྒོར་ཁྲི་ལྔ། ཨང་རིམ་གསུམ་པར་ཧིན་སྒོར་ཉིས་ཁྲི་ལྔ་སྟོང་བཅས་སྤྲད་ཡོད་པ་རེད།

IMG_4509འགྲན་ཞུགས་པ་རྣམས་ཀྱིས་ཟླ་འདིའི་ཚེས་༣ ཉིན་བརྐྱལ་གོས་གཟུགས་བྱད་འགྲན་སྡུར་དང། ཚེས་༤ ཉིན་གཏམ་བཤད་དང་སྒྱུ་རྩལ་འགྲན་སྡུར། ཚེས་༥ ཉིན་ངོ་སྤྲོད་དང་ཕྱི་ལུགས་གྱོན་ཆས། བོད་ཀྱི་ཆས་གོས་དང། དྲི་བ་དྲི་ལན་གྱི་འགྲན་སྡུར་བྱས་ཡོད་རེད།

བོད་ཀྱི་མཛངས་མ་བསྟན་འཛིནསང་ཉི་ནི་ལོ་སྔོན་མའི་ཧི་མ་ལ་ཡའི་མཛངས་མའི་འགྲན་སྡུར་ཁྲོད། ཨང་རིམ་གཉིས་པ་ཡང་བླངས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།