ང་ལ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ཐོབ་ཀྱང་བོད་མིའི་སྤྱི་ཚོགས་ནས་ཟུར་དུ་ཐོན་གྱི་མེད།

བློ་བཟང་དབང་རྒྱལ་གྱིས་རང་ཉིད་ལ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ཐོབ་རྗེས། ལག་ཁྱེར་དེ་ཐོབ་ལུགས་དང་དེ་བཞིན་མ་འོངས་པར་ཆ་རྐྱེན་ཚང་མཁན་གྱི་བོད་མི་རྣམས་ལ། ལག་ཁྱེར་དེ་ཐོབ་པར་ཁྲིམས་ཁང་སོགས་སུ་འགྲོ་སོང་དང་དུས་ཚོད་གཏོང་མི་དགོས་པ་ཡོང་ཆེད། ཁོས་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བརྗོད་སོང་།

ཟླ་འདིའི་ཚེས་༡༦ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ། བོད་ཀྱི་མཛངས་མ་དང་ཧི་མ་ལ་ཡའི་མཛངས་མ་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་བྱས་སོང་། སྐབས་དེར་ཉེ་ཆར་ཁོང་ལ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ཐོབ་ཡོད་པ་དང་། དེ་ཡང་ད་བར་རྒྱ་གར་རྒྱལ་ས་ལྡི་ལིའི་མཐོ་རིམ་ཁྲིམས་ཁང་དུ་ཐེངས་གཉིས་ཞུ་གཏུག་བྱས་རྗེས་གྲུབ་འབྲས་ཐོན་ཡོད་པ། དེ་བཞིན་ཁོང་ལ་དྲ་ཐོག་དང་ཁ་པར། ལམ་ཁར་ཕྱི་བསྐྱོད་ལག་ཁྱེར་གྱི་སྙན་ཞུ་རྒྱག་སྟངས་སོགས་ཀྱི་ཐོག་ལ་སྐད་ཆ་འདྲི་མཁན་མང་པོ་བྱུང་སོང་བས། བོད་མི་མང་པོ་ཞིག་ལག་ཁྱེར་འདི་ཞུ་རྩིས་འདུག་སྐོར་བརྗོད་ནས། བཙན་བྱོལ་ནང་དུ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་ཡོད་མཁན་མང་དུ་འགྲོ་རྒྱུ་ཡིན་པ་དང་དེ་དག་གི་སྐྱབས་བཅོལ་ལག་དེབ་མེད་པ་ཆགས་རྒྱུ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་རོགས་སྐྱོར་དང་སྒྲིག་འཛུགས་ལ་ལས་ཀ་བྱེད་འདོད་ཡོད་རིགས་རྣམས་ལ། སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད་ནའང་། སྲིད་སྐྱོང་དང་བཀའ་བློན་རྣམས་ལ་དཔྱ་ཁྲལ་ལག་དེབ་ལས་སྐྱབས་བཅོལ་ལག་དེབ་དགོས་ཀྱི་མེད་པས། འགྲོ་སྟངས་དེ་དྲང་བདེན་དང་ཁྲིམས་མཐུན་ཡོང་ཆེད་དུ། བོད་མི་ཚང་མར་ལམ་སྟོན་སྤྱི་མཚུངས་དགོས་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

དེ་བཞིན་ཁོང་གིས་རང་ཉིད་ལ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ཐོབ་ཀྱང་། བོད་མིའི་སྤྱི་ཚོགས་ནས་ཟུར་དུ་ཐོན་གྱི་མེད་པ་དང་། དེ་ཡང་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ནང་གསེས་༢ པ་དང་དོན་ཚན་༡༣ ལ་གཞིར་བཞག་ནས། རང་ཉིད་ཀྱིས་བོད་ཀྱི་མི་སེར་འོས་འགན་དང་ལེན་དང་། དེ་བཞིན་དང་བླངས་དཔྱ་ཁྲལ་ཕུལ་གྱི་ཡོད་པས། བོད་མིའི་སྤྱི་ཚོགས་ནས་ཟུར་དུ་ཐོན་གྱི་མེད་སྐོར་དང་། རང་ཉིད་སྒེར་ལ་མཚོན་ན། སྐྱབས་བཅོལ་ལག་དེབ་དང་ཕྱི་སྐྱོད་ལག་ཁྱེར་དེབ་སེར་པོ་དེ་གཉིས་ཀྱིས་བཅིངས་བསྡད་པའི་ཚོར་སྣང་བྱུང་ཡོད་པ་དང་། ཕྱི་རྒྱལ་ཁག་ཏུ་འགྲོ་དུས་དེབ་སེར་པོ་ལ་བརྟེན་ནས་དཀའ་ངལ་མང་པོ་ཞིག་འཕྲད་མྱོང་ཡོད་སྐོར་བརྗོད་སོང་།

དེ་བཞིན་ཁོས་དེ་སྔོན་རྒྱ་གར་ཁྲིམས་ཁང་དུ་རྒྱ་གར་མི་སེར་གྱི་ཕྱི་བསྐྱོད་ལག་ཁྱེར་ཐོབ་ཆེད་དུ་ཞུ་གཏུག་བྱས་པ་དེ་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་པས། ཕྱི་རྒྱལ་དུ་སྐྱབས་བཅོལ་འགྲོ་མཁན་བོད་མི་ཁག་ཅིག་གིས། འགྲོ་ཡུལ་རྒྱལ་ཁབ་དེ་དག་གིས་བོད་མིར་རྒྱ་གར་དུ་མི་སེར་ལག་ཁྱེར་སྤྲད་ཀྱི་ཡོད་སྐོར་བརྗོད་ནས། ཡིག་ཆ་རག་པར་དཀའ་ངལ་འཕྲད་ཀྱི་འདུག་པས། ཁོས་ཞུ་གཏུག་དེ་ཁྱབ་བསྒྲགས་ཤུགས་ཆེན་བྱས་པར། ཁོ་ཚོར་གནོད་སྐྱེལ་གྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པས། སྤྱིར་བཏང་ཁོས་བོད་མི་ཕྱི་རྒྱལ་ལ་འགྲོ་ཐུབ་པར་དགའ་བསུ་བྱེད་ཀྱི་ཡོད་ཀྱང་། བོད་མི་ཁག་ཅིག་གིས་ཁོང་ལ་སྐྱོན་བརྗོད་བྱས་པའི་དགག་ལན་དུ། སྐྱབས་བཅོལ་དུ་འགྲོ་སྐབས་བོད་མི་མང་པོ་ཞིག་ཁྲིམས་འགལ་གྱིས་དངུལ་ཕོན་ཆེན་སྤྲད་པའམ་ཡིག་ཆ་རྫུན་མ་བཟོས་ནས་ཕར་ལ་འགྲོ་ཡི་ཡོད་པས། དྲང་བདེན་མིན་པའི་ལས་ཀ་དེས་༧གོང་ས་མཆོག་གི་བཀའ་སློབ་ལས་འགལ་བ་མ་ཟད། ཁོང་གི་ཞབས་འཐེན་པ་ཆགས་ཀྱི་ཡོད་པ། དེ་བཞིན་བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་བསྐྲུན་གྱི་མེད་པས་ད་བར་བསམ་བློ་བཏང་ཡོད་ན་ཞེས་དང་། ཕྱི་རྒྱལ་ལ་འགྲོ་མཁན་ཚོར་ཡིག་ཆ་དགོས་ཀྱི་ཡོད་ན། རྒྱ་གར་ལ་ཡོད་མཁན་ཚོར་ཡིག་ཆ་དགོས་ཀྱི་མེད་དམ་ཞེས་དྲི་བ་འདྲི་རྒྱུ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ་སྐལ་བཟང་དོན་གྲུབ།