ངའི་ཆང་ས་རྫུན་མ།

བྷི་བྷི་སིའི་བུད་མེད་བརྒྱ་ཡི་ལེ་ཚན་ལས་སྐལ་བཟང་དོན་གྲུབ་ཀྱིས་བསྒྱུར།

མ་རྩོམ་

 

རྒྱ་ནག་ནང་བུད་མེད་ལོ་ཆུང་རྣམས་ཆང་ས་རྒྱག་དགོས་པའི་གནོན་ཤུགས་ཆེན་པོ་ཡོད་པས། གལ་སྲིད་རང་ཉིད་མཚན་མཐུན་དགའ་རོགས་བྱེད་མཁན་བུད་མེད་ཅིག་ཡིན་ཚེ་ག་རེ་བྱེད་དམ། རང་ལོ་༣༢ ཡིན་པའི་ཨུ་ཞི་བྷཡེ་ནི་པེ་ཅིན་དུ་སྡོད་ཀྱི་ཡོད་པ་དང་། མོས་སྟབས་བདེའི་ཆང་ས་བརྒྱབ་ནས་མོའི་ནང་མིར་དགའ་བ་སྤྲོད་ཐུབ་པ་དང་རང་ཉིད་ཀྱི་རང་དབང་ཡང་གཅེས་སྲུང་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།

ངས་རང་གི་མཚན་མཐུན་དགའ་རོགས་ལ་སྲུང་སྐྱོབ་དང་མོ་རང་དང་ལྷན་དུ་མི་ཚེ་གང་བོར་མཉམ་དུ་སྡོད་འདོད་ཡོད་པས། ཕྱི་ལོ་༢༠༡༢ ལོར་ངས་སྐྱེས་པ་ཞིག་དང་མཉམ་དུ་ཆང་ས་བརྒྱབ་པ་ཡིན།

_92661609_ouyi976
ཨུ་ཞི་བྷཡེ་(གཡོན་)་དང་མོའི་དགའ་རོགས།

སྐབས་དེར་ང་དགའ་རོགས་དང་མཉམ་དུ་དགའ་སྐྱིད་ངང་པེ་ཅིན་དུ་བསྡད་ཡོད། འོན་ཀྱང་ང་དུས་རྟག་ཏུ་ཌའི་ལཱན་ལ་སྡོད་མཁན་ནང་མིས་ཆང་ས་རྒྱག་དགོས་པའི་གནོན་ཤུགས་འོག་ཡོད། ཡིད་མི་ཆེས་པ་ཞིག་ལ་ངའི་གནས་སྟངས་དེ་ལོ་ངོ་བཅུ་ཕྲག་ཁ་ཤས་སྔོན་ལ་ལས་སླ་པོ་རེད། སྐབས་དེར་མི་ཚོར་མཚན་མཐུན་འཁྲིག་སྤྱོད་ཀྱི་སྐོར་ལ་གོ་རྟོགས་དེ་ཙམ་མེད་པས། དོགས་པ་བྱེད་མཁན་ཉུང་ཉུང་རེད།

ངའི་ཕ་མས་དུས་རྟག་ཏུ་ང་ལ་དགའ་རོགས་ཡོད་མེད་སྐོར་དྲིས་ཀྱི་ཡོད་པ་དང་། ངའི་ཨ་ཕ་གྲོངས་རྗེས་གནས་སྟངས་ཛ་དྲག་ཏུ་ཕྱིན་སོང་། གང་ཡིན་ཟེར་ན་ང་གཞན་དང་མཉམ་དུ་མི་ཚེ་སྐྱེལ་ནས་སྡོད་ཀྱི་མེད་པ་འདྲ་བོ་ཡོད་དུས།ཨ་མ་སེམས་ཁྲལ་ལངས་ནས། ལོ་རེར་ཟླ་ཤས་རིང་ང་དང་མཉམ་དུ་སྡོད་པར་ཡོང་འགོ་བཙུགས་སོང་། གནད་དོན་དེ་སེལ་ཐབས་མེད་པ་ངེས་ཤེས་རྙེད་ནས། ངས་གྲོགས་པོ་ཚོར་དཀའ་སྡུག་བཤད་པ་དང་། ཁོ་ཚོ་བརྒྱུད་ནས་སྟབས་བདེའི་ཆང་སའི་སྐོར་ཤེས་རྟོགས་བྱུང་། དེ་རྗེས་གྲོགས་པོ་ཞིག་བརྒྱུད་ནས་ངའི་ཁྱོ་ག་དང་ཐུག་བྱུང་། ཁོ་ཡང་ང་དང་ངའི་དགའ་རོགས་དང་འདྲ་བར། ཁོའི་མཚན་མཐུན་དགའ་རོགས་དང་མཉམ་དུ་ལོ་མང་རིང་བསྡད་ཡོད་པ་དང་། དེའི་སྐོར་ནང་མི་སོགས་ལ་བཤད་མེད་པ་རེད་འདུག

“ངས་ཐག་གཅོད་ཡང་དག་བྱས་པ་ཤེས་སོང་།”

ང་གཉིས་ཀྱི་ཆང་སར་ངའི་དགའ་རོགས་ཀྱིས་མནའ་མའི་གྲོགས་མོ་ཡག་ཤོས་དང་། མཛེས་བཟོ་བྱེད་མཁན། ཆང་སའི་ཟབ་སྤྲོས་ལམ་སྟོན་པ་སོགས་ཀྱི་ལས་འགན་ཁུར་བ་དང་། ངའི་ཁྱོ་གའི་དགའ་ཕོ་ལྟར་མོས་ཡང་ངའི་ཐག་གཅོད་ལ་རྒྱབ་སྐྱོར་དང་དགའ་པོ་བྱས་སོང་། ང་ཚོ་བཞི་ནི་གནས་སྟངས་ཀྱི་དགོས་མཁོ་ལ་གཞིགས་ནས་མཉམ་འཛོམས་བྱུང་བ་ཡིན་ཡང་། ཕན་ཚུན་འཆམ་མཐུན་བྱུང་ནས་ཆང་སའི་འཆར་གཞི་མཉམ་དུ་བསྒྲིགས་པ་ཡིན། ནང་མི་ཚོ་ངའི་ཆང་སར་སེམས་དགའ་པོ་བྱུང་བ་མཐོང་རྗེས། ངས་ཐག་གཅོད་ཡང་དག་བྱས་པ་ཤེས་སོང་། ངའི་ནང་མིས་ཁོ་ཚོ་གྲོངས་པའི་རྗེས་ང་ལ་ལྟ་རྟོགས་བྱེད་མཁན་ཡོད་པ་ཤེས་པས་སེམས་བདེ་པོ་བྱུང་བ་དང་། ངའི་ཁྱོ་གར་ལས་རོགས་རྣམས་ཀྱིས་བུད་མེད་གཞན་ཐུག་པའི་སེམས་ཤུགས་སྤོར་བ་བྱུང་གི་མེད་པས། ཕྱོགས་ཚང་མའི་འདོད་པ་སྐོང་ཐུབ་པར་ལམ་ཁ་འདི་གཅིག་པུ་རེད།

ཐོག་མར་ང་དང་ཁྱོ་ག་གཉིས་སྟོན་ཁའི་གུང་སེང་ལྟ་བུའི་སྲོལ་རྒྱུན་གྱི་གུང་སེང་སོགས་ལ་ང་གཉིས་ཀྱི་ནང་མིར་མཉམ་དུ་ཐུག་འཕྲད་བྱེད་པར་འགྲོ་ཡི་ཡོད་པ་དང་། ཁོང་གི་ལས་ཁུངས་དང་འབྲེལ་བའི་འདུ་འཛོམས་ལ་ང་ཁོང་གི་མཉམ་དུ་འགྲོ་ཡི་ཡོད། འོན་ཀྱང་འདས་པའི་ལོ་གཉིས་ཙམ་ནས་ང་གཉིས་ཀྱི་ནང་མི་དང་ལས་རོགས་རྣམས་ཀྱིས་ང་གཉིས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་པ་ཡིད་ཆེས་བྱེད་ཀྱི་ཡོད་པས། ང་གཉིས་ངོས་ནས་བཟའ་ཚང་དངོས་གནས་ཡིན་པ་འདྲ་བོའི་འཁྲབ་སྟོན་བྱེད་དགོས་པ་ཉུང་ཉུང་ཡིན་པས། ང་དང་ངའི་དགའ་རོགས་མཉམ་དུ་སྡོད་ཀྱི་ཡོད་པ་དང་ཁོ་དང་ཁོའི་དགའ་རོགས་གཉིས་མཉམ་དུ་སྡོད་ཀྱི་ཡོད་ཁར། ང་ཚོ་བཞི་གྲོགས་པོ་ཡག་པོ་ཆགས་སོང་བས། མཚམས་རེར་དགོང་ཟས་མཉམ་དུ་ཟ་བར་འགྲོ་ཡི་ཡོད།

ང་ཆང་ས་བརྒྱབ་པའི་རྗེས་སུ་ངའི་འཁྲིག་སྦྱོར་གྱི་འདེམས་ཀའི་སྐོར་ཤེས་མཁན་གྱི་གྲོགས་པོ་མང་པོ་ཞིག་གིས་ང་ལས་ལམ་སྟོན་ཞུ་འགོ་བཙུགས་སོང་། སྐབས་དེར་ང་དང་དགའ་རོགས་གཉིས་ཀྱིས་ཡིད་ཐང་ཆད་ནས་རོགས་རམ་དགོས་མཁན་གྱི་མི་མང་པོ་ཡོད་པ་ངེས་ཤེས་རྙེད་བྱུང་། རྒྱ་ནག་ནང་མཚན་མཐུན་དགའ་པོ་བྱེད་མཁན་མི་ས་ཡ་༤༠ ཙམ་མ་ཟད། མཚན་མ་ཐ་དད་པར་དགའ་པོ་བྱེད་མཁན་བུད་མེད་ས་ཡ་མང་པོར་མཚན་མཐུན་དགའ་པོ་བྱེད་མཁན་སྐྱེས་པ་དང་ཆང་ས་རྒྱག་པའི་ཉེན་ཁ་ཡོད་པས། ང་གཉིས་ཀྱིས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཐོག་ཏུ་ང་མཚན་མཐུན་ཞེས་པའི་ཞབས་ཞུ་ཞིག་བཟོས་པ་ཡིན། འདས་པའི་ལོ་ཟླའི་ནང་ང་གཉིས་ཀྱིས་ལས་རིམ་༨༠ ལས་མང་བ་གོ་སྒྲིག་དང་སྟབས་བདེའི་ཆང་ས་༡༠༠ བརྒྱབ་པར་རོགས་པ་བྱས་ཡིན། ད་ལྟའི་ཆར་ང་མཚན་མཐུན་ཞེས་པའི་ཡོ་ཆས་བཟོ་རྩིས་ཡོད། འོན་ཀྱང་ངས་མི་མང་པོ་ཞིག་ལ་སྟབས་བདེའི་ཆང་ས་དེ་ནི་དཀའ་ངལ་མང་པོ་ཞིག་གི་འགོ་འཛུགས་ཡིན་པར་བསམ་ཤེས་ཐུབ། གལ་སྲིད་ནང་མི་གཞན་པ་གྲོང་ཁྱེར་གཅིག་པའི་ནང་སྡོད་ཀྱི་ཡོད་ན་མགོ་རྙོག་ཚ་པོ་ཆགས་ཀྱི་རེད། གློ་བུར་དུ་ཐུག་འཕྲད་བྱེད་པར་སླེབས་ཚེ་ལས་སླ་པོའི་ཐོག་ནས་ཁོ་ཚོའི་ཆང་སའི་དངོས་ཡོད་གནས་ཚུལ་དེ་གསལ་ཐོན་བྱུང་སྲིད། གནས་སྟངས་དེའི་རིགས་ལ་ཕྱོགས་གཉིས་ཀར་སྟབས་བདེ་ཡོད་པའི་ཁང་པ་གཞན་ཞིག་གོ་སྒྲིག་བྱ་རྒྱུ་གལ་ཆེན་རེད་དེ། དེ་འདྲ་མུ་མཐུད་བྱེད་པར་དཀའ་ལས་ཁག་པོ་ཡིན་པ་གསལ་པོ་རེད། དེ་འདྲའི་གནོན་ཤུགས་ཐོག་ཏུ་རྟག་ཏུ་ཡོང་བའི་དྲི་བ་ཞིག་ནི་ཁྱེད་རང་གཉིས་ལ་ཕྲུ་གུ་ག་དུས་སྐྱེས་ཀྱི་རེད་ཅེས་པ་དེ་རེད། གལ་སྲིད་བཟང་ཚང་གཉིས་ཀྱིས་སྦྲུམ་སྲིང་(ཤེལ་སྦུབ་ཕྲུ་གུ་) གྱི་ལམ་ཁ་ལ་བརྟེན་ཚེ། ཕྲུ་གུ་དེ་ཤ་ཁྲག་གི་ཕ་མས་གསོ་སྐྱོང་བྱེད་དགོས་མིན་ཐོག་ལ་དྲི་བ་ཞིག་སླེབས་ཀྱི་རེད། གལ་ཏེ་དེ་ལྟར་བྱེད་དགོས་ན་བཟའ་ཚང་དེ་གཉིས་མཉམ་དུ་སྡོད་དགོས་ཀྱི་ཡོད་པ་སོགས་ཀྱི་དཀའ་རྙོག་ཆེན་པོ་ཡོང་གི་རེད།

ང་གཉིས་ཀྱིས་ད་ལྟ་བར་ཕྲུ་གུའི་དྲི་བ་དེ་གཡོལ་ཐུབ་པ་བྱུང་བས། ད་ལྟའི་ཆར་ངའི་དགའ་རོགས་ལ་ཁྱོ་ག་ཞིག་བཙལ་ཆེད་བློ་རྩེ་སྒྲིམ་བཞིན་ཡོད། མོས་རང་ཉིད་ཀྱི་འཁྲིག་སྤྱོད་ཀྱི་འདེམས་ཀའི་སྐོར་ཕ་མ་ལ་འབྲིང་རིམ་སློབ་གྲྭའི་སྐབས་བཤད་ཡོད་པ་དང་། ང་གཉིས་གཟའ་མཇུག་རྟག་ཏུ་ཁོ་གཉིས་ཐུག་པར་འགྲོ་ཡི་ཡོད་དེ། ཁོ་གཉིས་ལ་ནང་མི་གཞན་དང་གྲོགས་པོ། ལྷག་པར་དུ་ངའི་དགའ་རོགས་ཆང་ས་བརྒྱབ་པར་འདོད་མཁན་ཆེ་ཤོས་རྨོ་རྨོ་སོགས་ཀྱིས། མོའི་འཁྲིགས་སྤྱོད་ཀྱི་འདེམས་ཀའི་སྐོར་ཤེས་པའི་ཞེད་སྣང་ཡོད་པར་ང་གཉིས་ཀྱིས་བསམ་ཤེས་ཐུབ།

སྔ་ཕྱི་མ་གཏོགས་ངའི་ནང་མིས་བདེན་པ་དེ་ཧ་གོ་འགྲོ་ཡི་རེད། གང་ཡིན་ཟེར་ན་ངས་གསང་བ་དེ་ཉར་ཆེད་གང་ཐུབ་བྱས་མེད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་ཀྱིས་དུས་དང་བསྟུན་ནས་མཚན་མཐུན་དགའ་པོ་བྱེད་མཁན་བུ་དང་བུ་མོ། མཚན་གཉིས་མ་ནིང་སོགས་ཀྱི་མང་ཚོགས་ལ་བཟོད་སྲན་ཆེ་རུ་འགྲོ་བ་དང་། མ་འོངས་པར་ཨ་མས་ངའི་འཁྲིག་སྤྱོད་ཀྱི་འདེམས་ཀར་ངོས་ལེན་བྱེད་པར་ལས་སླ་རུ་འགྲོ་བའི་ཡིད་ཆེས་ཡོད། ངས་ནང་མིས་ང་གང་འདྲ་ཡིན་པ་དེ་རང་ལ་ཁས་ལེན་བྱེད་པའི་འདོད་པ་ཡོད།

ང་དང་དགའ་མོས་སྤྱི་ཚོགས་ཀྱིས་ང་ཚོའི་རིགས་ལ་བསམ་ཤེས་ཡག་པོ་ཡོང་ཐབས་ལ་རོགས་འདེགས་བྱེད་འདོད་ཡོད་དེ། དེའི་སྐོར་ལ་བཙན་ཤུགས་དང་འུར་སྒྲ་ཆེན་པོ་བྱེད་པ་དེ་ནི་ཐབས་བྱུས་ཡག་ཤོས་ཡིན་སྲིད་ཀྱི་མ་རེད། སྟབས་བདེའི་ཆང་ས་དེ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་ལམ་ཁ་ཞིག་ཡིན་པས། ང་གཉིས་ཀྱིས་དེ་བེད་སྤྱད་ནས་རྩོད་རྙོག་མེད་པར་བཟོས་ཏེ། མཚན་མཐུན་དགའ་པོ་བྱེད་མཁན་རྣམས་རང་ཉིད་ཀྱི་མི་ཚེ་སྐྱེལ་འདོད་བཞིན་སྐྱེལ་ཐུབ་ཀྱི་ཡོད་པ་རེད། ང་གཉིས་ཀྱིས་གནད་དོན་དེ་དཀའ་ལས་གང་འདྲ་ཆེན་པོ་ཡོད་པ་ཤེས་ཀྱི་ཡོད་དེ། ཡིད་ཆེས་ཡོད་པའི་གནད་དོན་དེའི་ཐོག་ལ་འཐབ་རྩོད་བྱས་ནས་མདུན་བསྐྱོད་བྱེད་ཀྱི་ཡིན།།