ངའི་ཕྲུ་གུས་བོད་དོན་ཆེད་སྲོག་བཏང་བ་དེ་འཕྲོ་བརླག་སོང་མི་འདུག
ཟླ་འདིའི་ཚེས་༥ ཉིན་གྱི་ཞོགས་པ་སྔ་པོ་ཆུ་ཚོད་༦ པ་ཙམ་ནས་དྷ་ས་མེག་གྷན་ཁྲོམ་དུ་བོད་མི་མང་གིས་ལག་ཏུ་ཁ་བཏག་རེ་བཟུང་ནས། རང་སྲེག་རྒྱ་རྒོལ་བ་རྡོ་རྗེ་ཚེ་རིང་གི་ཕུང་པོ་བསྒུག་ནས་བསྡད་པ་དང་། གཞོན་ལྷན་གྱི་ཚོགས་མི་དང་བླངས་ལས་འགུལ་བ་ཚོས་མི་མང་བང་སྒྲིག་སྟངས་སོགས་ཀྱི་ལས་དོན་ལ་འགན་ཁུར་བྱས་འདུག
མི་མང་ཧ་ཅང་མང་པོ་འཛོམས་འདུག་ལ། དེའི་ནང་དུ་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་བ་སོགས་འཛོམས་འདུག་ལ། ཆུ་ཚོད་༨ ཙམ་ལ་སྐུ་ཕུང་གདན་འདྲེན་ཞུ་མཁན་འཕྲུལ་རྟ་དང་རླངས་འཁོར་བཅས་༣༠ ལྷག་གིས་སྣེ་ཁྲིད་དེ་དྷ་ས་མེག་གྷན་དུ་འབྱོར་སྐབས། མི་མང་གིས་ཁ་བཏགས་འཐེན་པ་དང་། མ་ཎི་བགྲངས་བ། མིག་ཆུ་གཏོང་བ་སོགས་ཀྱི་ཁྲོད་གཞོན་ལྷན་གྱི་ལས་ཁུངས་ནང་དུ་ཕུང་པོ་གདན་འདྲེན་ཞུས་ཡོད་པ་རེད།
གསར་འགོད་པས་རྡོ་རྗེ་ཚེ་རིང་གི་ཨ་མ་ཉི་མ་དབྱངས་འཛོམས་ལ་ཁྱེད་རང་གི་ཕྲུ་གུ་རྡོ་རྗེ་ཚེ་རིང་བཞིན་བོད་ཕྲུག་ལོ་ཆུང་མང་པོ་ཡོད་པས། ཁོང་ཚོར་ཁྱེད་ལ་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ཅེས་དྲིས་པར། ཁོང་གིས་མིག་ཆུ་གཏོང་བཞིན། “༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ཕྲག་བརྟན་པར་ཤོག བོད་རང་བཙན་མྱུར་ཏུ་ཐོབ་པར་ཤོག་”ཅེས་གསུངས་པ་དང་འབྲེལ། “ན་ནིང་ང་ལ་རྡོ་རྗེས་བོད་སྤྱི་དོན་ཆེད་ང་བློས་བཏང་ན་ཁྱེད་རང་དགའ་ས་རེད་དམ་ཞེས་དྲིས་སོང་། ངས་ཁྱེད་རང་གིས་དེ་འདྲ་བྱས་ན། ང་ཡང་ཤི་ཡི་ཡིན། ཁྱེད་རང་ལ་བོད་སྤྱི་དོན་ཆེད་ལས་དོན་མང་པོ་ཡོད་པ་རེད་ལབ་ཡིན། ངས་དེ་རིང་ཚང་མར་དེ་ལབ་ཡ་ཡིན། ཡིན་ཡང་རྡོ་རྗེས་ཐབས་ལམ་འདི་བཙལ་བ་རེད། བོད་སྤྱི་དོན་ཆེད་གཞན་པ་ཚོར་ཐབས་ལམ་གཞན་པ་ཡོད་ཀྱི་རེད། སློབ་སྦྱོང་བྱེད་དགོས་རེད། ཐབས་ལམ་གཞན་པ་ག་རེ་ཡོད་ན་དེ་འདྲ་གནང་རོགས་ལབ་ཡ་ཡིན། ༧རྒྱལ་བ་རིན་པོ་ཆེའི་བཀའ་བསྒྲུབ་རོགས་”ཞེས་གསུངས་སོང་།
རྡོ་རྗེ་ཚེ་རིང་གི་ཨ་ཕ་ཐུབ་བསྟན་གྱིས་ལས་འགུལ་དེའི་བརྒྱུད་རིམ་སྐོར་གསུངས་སྐབས། ན་ནིང་ནས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་སྐོར་བརྗོད་སྐབས། སློབ་གསོ་བཏང་ཡོད་སྐོར་དང་། “ད་ལོ་དགུན་ཁའི་གུང་སེང་ཚར་ནས། སློབ་གྲྭར་སྐྱེལ་ཉིན། ཞོགས་པ་ངས་ཞལ་འདོན་བསྐྱོར་བསྡད་ཡོད་དུས། རྡོ་རྗེ་ནང་ལ་སླེབས་སོང་། པ་ལགས། ཞལ་འདོན་ག་དུས་ཚར་གྱི་རེད་ལབ་སོང་། སྐར་མ་༡༥ ཙམ་འགོར་རྒྱུ་རེད་ལབ་པ་དང་། ཡ་ཡ་དེ་ནས་ང་འགྲོ་རྒྱུ་ཡིན་ལབ་སོང་། ཡིན་དང་ཡིན་ཁྱོད་སློབ་གྲྭར་མི་འགྲོ་ན་གང་ལ་འགྲོ་དགོས་རེད་ལབ་ཡིན། དེ་རྗེས་ང་ཕྱི་ལོག་ལ་འགྲོ་དུས། རྡོ་རྗེས་ལུས་ལ་མེ་སྦར་ནས་བརྒྱུག་ཡོང་གི་འདུག་”ཅེས་གསུངས་པ་དང་། མེ་བསད་དེ་སྨན་ཁང་དུ་ཁྲིད་སྐོར་སོགས་ངོ་སྤྲོད་གནང་སོང་།

ཕ་མ་གཉིས་ཀྱིས་ཕྲུ་གུ་བོད་དོན་ཆེད་སྐུ་གྲོངས་སོང་ནའང་། བོད་མི་མང་གིས་རྒྱབ་སྐྱོར་ཞེ་དྲག་བྱས་ནས། ང་ཚོར་དཀའ་ངལ་འཕྲད་མ་སོང་ལ། ཁོང་གི་ཚེ་སྲོག་དེ་འཕྲོ་བརླག་སོང་མི་འདུག་བསམ་ནས་སྤོབས་པ་སྐྱེ་ཡི་ཡོད། རིག་པ་བསྒྲིམས་ནས་བསྡད་ཡོད། ཕྲུ་གུས་སྲོག་བློས་བཏང་བ་འཕྲོ་བརླག་སོང་མི་འདུག ཁོ་རང་གི་དམིགས་ཡུལ་དེ་བོད་རང་བཙན་རེད་ཅེས་སོགས་འགྲེལ་བརྗོད་གནང་སོང་།
ཨ་མས་མུ་མཐུད་གསུང་དོན། “ངས་ཕྲུ་གུ་ལ་སློབ་སྦྱོང་ཡག་པོ་གྱིས་ལབ་དུས། ཁོང་གིས་ང་ལ་ཨ་མ་ཁྱེད་ཀྱིས་རྟག་པར་སློབ་སྦྱོང་ཡག་པོ་གྱིས་ལབ་ཀྱི་འདུག་ཅེས་ཁོང་གིས་ང་ལ་མཛུབ་མོ་གཉིས་བསྟན་ནས། གཅིག་དེ་སློབ་སྦྱོང་ཡག་པོ་རེད། གཅིག་དེ་ཀུན་སློང་ཡག་པོ་རེད། ཁྱེད་ལ་གང་དགོས་ཞེས་དྲིས་སོང་། སློབ་སྦྱོང་ཡག་པོ་ཡོད་ཀྱང་ཀུན་སློང་ཡག་པོ་མེད་ན། གནོད་སྐྱེལ་རྒྱུ་རེད་ཟེར། དེ་དུས་ངས་ལན་རྒྱག་ཤེས་མ་སོང་། ཁྱེད་ཚོ་ཚང་མས་ཀུན་སློང་ཡག་པོ་བྱས་ནས་སློབ་སྦྱོང་བྱེད་རོགས་”ཞེས་གསུངས་སོང་།
ཕུང་པོ་གདན་འདྲེན་དང་ནང་མིར་རོགས་སྐྱོར་སོགས་གཙོ་བོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འགན་ཁུར་ཡོད་པ་དང་། གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལ་བཅར་འདྲི་བྱས་པར། ཁོང་གིས། “༢༠༡༦ ལོའི་ཕྱི་ཟླ་༢ ཚེས་༢༩ ཉིན་རྒྱ་གར་ནང་རྡོ་རྗེ་ཚེ་རིང་རང་ལོ་༡༦ ཡིན་པ་ཞིག་དང་། བོད་ནང་ནས་རང་ལོ་༡༨ ཡིན་པའི་གྲྭ་སྐལ་བཟང་དབང་འདུས་གཉིས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྲོག་བཏང་བ་དེ་སེམས་པ་སྐྱོ་དགོས་པ་ཞིག་དང་། ཕྱོགས་གཅིག་ནས་སྤོབས་པ་བྱེད་ཆོག་པ་ཞིག་ཀྱང་རེད། རྡོ་རྗེ་ཚེ་རིང་ལ་མཚོན་ན་སྐྱབས་བཅོལ་ནང་སྐྱེས་པ་དང་། བོད་མཐོང་མྱོང་མེད་ནའང་། བོད་ནང་དཀའ་ངལ་ཆེན་པོ་ཡོད་པ་ཚོར་ནས་རྒྱལ་ཁབ་དང་མི་རིགས་ཆེད་དུ་སོ་སོའི་སྲོག་བཏང་བ་དེར་གུས་བརྩི་བྱེད་དགོས་པ་ཞིག་རེད་”ཅེས་གསུངས་པ་དང་། “རང་ལུས་མེར་སྲེག་གི་ལས་འགུལ་རིགས་བྱས་དང་མ་བྱེད་ཅེས་བཤད་རྒྱུ་ཁག་པོ་རེད་ལ། བོད་ནང་དུ་ཡོད་མཁན་ཚོར་ཉི་མ་རེ་རེ་བཞིན་དཀའ་ངལ་ཕྲད་ཀྱི་ཡོད་པ་དེ་ང་ཚོས་དེ་ཙམ་ཚོར་གྱི་ཡོད་པ་མ་རེད། སུ་ཡིན་ནའང་སྲོག་དེ་གལ་ཆེན་པོ་ཡིན་པས། སོ་སོ་བསྡད་པའི་རིང་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ག་རེ་བྱེད་རྒྱུ་འདུག་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།

རང་སྲེག་ངོ་རྒོལ་བ་རྡོ་རྗེ་ཚེ་རིང་གི་ཕ་མིང་ལ་ཐུབ་བསྟན་བཀྲ་ཤིས་དང་། མ་མིང་ལ་ཉི་མ་དབྱངས་འཛོམས་ཟེར་གྱི་ཡོད་པ་རེད། ཕྲུ་གུ་ལྔ་ཡོད་པའི་ནང་ནས་རྡོ་རྗེ་ཚེ་རིང་ཆུང་ཤོས་དང་། གཉིས་ཀྱིས་ད་ལྟ་སློབ་སྦྱོང་བྱེད་བཞིན་པ་དང་། ཕ་མ་གཉིས་དང་ཕྲུ་གུ་ཆེ་བ་གཉིས་བཅས་ཀྱིས་དགུན་ཁ་བལ་གོས་ཚོང་ལས་དང་། དབྱར་ཁ་མཱ་ན་ལེ་ལ་ཚོང་ཁང་ཞིག་གཉེར་ཡོད་པ་རེད།
ཁོང་གིས་རང་ལུས་མེར་བསྲེགས་བརྗེས། སྨན་ཁང་དུ་ས་གནས་བརྒྱ་དཔོན་སོགས་ལ་རང་སྲེག་དགོས་དོན་གང་ཡིན་སྐོར་གསུངས་པའི་བརྙན་འཕྲིན་ནང་། “མིང་ལ་རྡོ་རྗེ་ཚེ་བརྟན་ཟེར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བའི་སློབ་མ་ཞིག་ཡིན་་་ང་ཚོ་བོད་དེ་་་༡༩༥༩ ལོར་རྒྱ་མིའི་མངའ་འོག་ཏུ་བསྒྱུར་ནས་བོད་པ་ཁ་ཤས་བོད་ནས་རང་འཇག་བསྡད་་་་་་ཁ་ཤས་རྒྱ་གར་དང་ཕྱི་རྒྱལ་ཁག་མང་པོ་ལ་འགྲོ་དགོས་བྱུང་རེད། ང་རང་ཆུང་དུས་ནས་བོད་ཀྱི་ཆེད་དུ་ཅིག་བྱེད་རྒྱུའི་སེམས་ཤུགས་ཆེན་པོ་ཡོད།༌༌༌༌༌༌༌༌ བོད་སྤྱིའི་ཆེད་དུ་ཅིག་བྱེད་ཡ་ལ་མཐའ་མ་དེར་སོ་སོའི་གཟུགས་པོ་མེར་སྲེག་གཏང་རྒྱུ་རེད་འདུག་བསམ་་་སྣུམ་དང་ཙག་སྒྲ་སོགས་ང་རང་གིས་གྲ་སྒྲིག་བྱས་ནས་མེར་སྲེག་བཏང་ཡིན་་་ངས་སྔོན་ནས་བསམ་བློ་བཏང་ནས་ཕ་མ་གཉིས་ལ་སྐད་ཆ་དྲིས་དུས་ཕ་མ་གཉིས་ཀྱིས་ཁྱོད་མེར་སྲེག་བཏང་བ་ཡིན་ན་ང་གཉིས་སེམས་སྐྱོ་ནས་ཤི་རྒྱུ་ཡིན་ཟེར་ཡིན་ཡང་ཕ་མ་གཉིས་བློས་གཏང་ནས། བོད་སྤྱིའི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡིན། ༼མཐའ་མ་དེར་དབུག་རིང་ཞིག་དང་བཅས༽་་་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང་བོད་རང་བཙན་མྱུར་དུ་ཐོབ་པར་ཤོག་བོད་རྒྱལ་ལོ་”ཞེས་གསུངས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།